ཞི་ཅིན་ཕིང་གིས་༢༠༢༡ལོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གླེང་སྟེགས་ལ་ཤིས་ཚིག་ཕུལ།
| 2021-12-09 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཟླ་བ་བཅུ་གཉིས་པའི་ཚེས་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གཅིག་ལོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་ལ་ཤིས་ཚིག་ཕུལ་བ་རེད།
ཞི་ཅིན་ཕིང་གིས། འགྲོ་བ་མིའི་ཐོབ་ཐང་ནི་མིའི་རིགས་ཡ་རབས་གང་འཕེལ་འགྲོ་བའི་མཚོན་རྟགས་ཡིན། མིའི་ཚེ་སྲོག་དང་རིན་ཐང་། ལ་རྒྱ་སོགས་ལ་སྲུང་སྐྱོང་དང་། མི་ཚང་མར་འགྲོ་བ་མིའི་ཐོབ་ཐང་ཡོད་པ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཐུན་མོང་གི་རེ་འདུན་ཡིན། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་དང་། མི་དམངས་ཀྱིས་བདེ་སྐྱིད་འཚོ་བའི་རེ་འདུན་དེ་འབད་བརྩོན་དམིགས་འབེན་དུ་བཟུང་བ་ནི་དུས་རབས་ཀྱིས་གནང་བའི་འཛམ་གླིང་རྒྱལ་ཁབ་ཁག་གི་འགན་འཁྲི་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་འགྲོ་བ་མིའི་ཐོབ་ཐང་གི་སྲིད་ཏང་ལ་བརྩི་བཀུར་དང་འགན་སྲུང་། ཀྲུང་གོས་མི་དམངས་གཙོ་བོ་འཛིན་པ་དང་། མི་དམངས་ཀྱི་ཁེ་ཕན་གོ་གནས་གལ་ཆེན་དུ་བཞག་པ། འཕེལ་རྒྱས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་བ། གོ་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་ལ་སྐུལ་བ། མིའི་རང་དབང་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་བ། དུས་རབས་ཀྱི་འཕེལ་ཕྱོགས་དང་འཚམས་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བདེ་བླག་ངང་སྐྱོད་ཡོད། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཐད་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པས། ཀྲུང་གོའི་མི་འབོར་དུང་ཕྱུར་བཅུ་བཞིས་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་ཐད་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་རྒྱུན་ཆད་མེད་པར་ཇེ་དྲག་སོང་ཡོད། འགྲོ་བ་མིའི་ཐོབ་ཐང་ལག་བསྟར་ནི་སྣ་མང་ཅན་ཡིན། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམས་པའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་ལམ་བུ་རང་མོས་ཀྱིས་གདམ་ཆོག། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་གཅིག མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་དང་། ཕྱོགས་མང་རིང་ལུགས་ལག་བསྟར་བྱས་ནས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་ཐད་ཤེས་རིག་དང་སྟོབས་ཤུགས་འབུལ་འདོད་ཡོད་ཅེས་ནན་གསུང་གནང་།
༢༠༢༡ལོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་ཚེས་བརྒྱད་ཉིན་པེ་ཅིན་དུ་འགོ་བཙུགས། མི་དམངས་བླ་ན་མེད་པ་དང་འཛམ་གླིང་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ཞེས་པ་བརྗོད་དོན་གཙོ་བོ་ཡིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་ཕྱི་འབྲེལ་པུའུ་ཡིས་མཉམ་དུ་གཙོ་གཉེར་བྱས།




