英文|藏文 |APP W020161009565839193236.jpg | 微信 111111111.jpg

ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་དོན་འཁྱོལ་བྱེད་པའི་ཞིབ་འཇུག་བགྲོ་གླེང་འཛིན་གྲྭའི་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་།

2023-02-08 来源:ཤམ་བྷ་ལ་ཆ་འཕྲིན། 分享:

   གསར་དུ་བདམས་བསྐོས་ཐོབ་པའི་ཀྲུང་དབྱང་ཨུ་ལྷན་གྱི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་འཇུག་བགྲོ་གླེང་འཛིན་གྲྭ་དེ་ཚེས་བདུན་ཉིན་གྱི་སྔ་དྲོར་ཀྲུང་དབྱང་ཏང་གི་སློབ་གྲྭ། རྒྱལ་ཁབ་སྲིད་འཛིན་སློབ་གླིང་ནས་ཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་གཞུང་ཕྱོགས་བསྡོམས་བྱས་པར་མ་ཟད་གསལ་བཤད་ཟབ་མོ་གནང་བ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་རིགས་གཞུང་གསར་གཏོད་གལ་ཆེན་ཡིན་པ་དང་། ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་འབྲས་གསར་པ་དང་གལ་ཆེན་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ང་ཚོ་ཏང་གིས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་སྣེ་ཁྲིད་ནས་དུས་ཡུན་རིང་བའི་འཚོལ་ཞིབ་དང་། ལག་ལེན་ནང་དཀའ་སྤྱད་སྡུག་རུས་བྱེད་པ། འབད་བརྩོན་ཆེན་པོ་བྱས་ནས་ཐོབ་པའི་གྲུབ་འབྲས་གལ་ཆེན་ཡིན་པས། ང་ཚོས་ངེས་པར་དུ་གཅེས་སྤྲས་དང་རྒྱུན་འཁྱོངས། རྒྱུན་མི་ཆད་པར་རྒྱ་སྐྱེད་དང་ཟབ་སྤེལ་གཏོང་དགོས་ཞེས་ནན་གསུང་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་གིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་ཞིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་འགོ་ཚུགས་མཛད་སྒོའི་ནང་ཞུགས།

  ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ནི་ཉེ་རབས་ནས་བཟུང་ཀྲུང་གོ་མི་དམངས་ཀྱི་ཐུན་མོང་གི་ཕུགས་བསམ་རེད། མཛངས་པ་དུ་མས་དེའི་ཆེད་དུ་དཀའ་སྤྱད་སྡུག་རུས་དང་འཚོལ་ཞིབ་ཚོད་ལྟ་གང་མང་བྱས་ཀྱང་འཚོལ་རྙེད་བྱེད་ཐུབ་མེད། ཀྲུང་གོའི་དེང་རབས་ཅན་གྱི་ལམ་བུ་འཚོལ་རྙེད་ཀྱི་ལས་འགན་དེ་ཀྲུང་གོ་གུང་ཁྲན་ཏང་གི་ཕྲག་ཏུ་བབས་ཡོད་ལ། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དུས་རབས་སུ་རང་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ནས་འཐབ་འཛིང་གང་ནུས་དང་དཀའ་ཁྱད་བསད་བྱས་ཏེ། བྱང་འདུལ་དམག་འཁྲུག་དང་ཞིང་ས་བཅོས་སྒྱུར་དམག་འཁྲུག འཇའ་འགོག་དམག་འཁྲུག  བཅིངས་འགྲོལ་དམག་འཁྲུག་བཅས་ཀྱིས་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཆེན་པོ་གསུམ་རྡུལ་དུ་བརླགས་པས། མི་དམངས་ཀྱིས་རང་ཁྱིམ་རང་བདག་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་ཐོབ་པས་དེང་རབས་ཅན་ལ་མཐུན་རྐྱེན་བསྐྲུན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་རང་རེའི་ཏང་གིས་མི་དམངས་མཐུན་སྒྲིལ་དང་སྣེ་ཁྲིད་ནས་སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་། ཀྲུང་གོའི་ལོ་ངོ་སྟོང་ཕྲག་རིང་གི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་རྩ་མེད་བཏང་། སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་ལམ་ལུགས་འཛུགས་སྐྱོང་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་རྒྱ་ཆེ་བ་དང་དོན་སྙིང་ཆེ་ཤོས་ཀྱི་སྤྱི་ཚོགས་བཅོས་སྒྱུར་བཏང་ནས། རང་ཚུགས་དང་ཆ་ཚང་བའི་བཟོ་ལས་མ་ལག་དང་རྒྱལ་དམངས་དཔལ་འབྱོར་མ་ལག་བཙུགས་ཡོད། སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་འཛུགས་བསྐྲུན་ཐད་ཁྱད་དུ་འཕགས་པའི་རིགས་གཞུང་དང་གྲུབ་འབྲས་ཆེན་པོ་ཐོབ་བས། དེང་རབས་ཅན་གྱི་འཛུགས་བསྐྲུན་ལ་གཞི་རྩའི་ཆབ་སྲིད་སྔོན་འགྲོ་དང་ཉམས་མྱོང་རྩ་ཆེན། རིགས་གཞུང་གྲ་སྒྲིག་དང་དངོས་པོའི་རྨང་གཞི་ཡག་པོ་བཏིང་ཡོད། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་འཛུགས་བསྐྲུན་གྱི་དུས་རབས་གསར་པའི་ནང་། རང་རེའི་ཏང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གཙོ་བོ་དཔལ་འབྱོར་འཛུགས་བསྐྲུན་ལ་ཁ་ཕྱོགས་ནས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་རང་བཞིན་གྱི་འཐབ་ཇུས་བཀོད་སྒྲིག་བྱས་ཤིང་། ལག་ལེན་ཀྱི་རྨང་གཞིའི་ཐོག་གི་རིགས་གཞུང་གསར་གཏོད་དང་ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད། དེ་མིན་གྱི་གསར་གཏོད་འདྲ་མིན་སྣ་ཚོགས་བྱས་ཡོད།

   སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་གཞི་ལག་བསྟར་བྱས་ནས། ཐོན་སྐྱེད་ནུས་པ་ཅུང་རྗེས་ལུས་ཡིན་པའི་གནས་བབ་ནས། དཔལ་འབྱོར་གྱི་བསྡོམས་ཚད་ཨང་གཉིས་པ་ཡིན་པའི་ལོ་རྒྱུས་ཅན་གྱི་ཐོད་རྒལ་མངོན་འགྱུར་བྱས་ཡོད། མི་དམངས་ཀྱི་འཚོ་བ་ལྟོ་གོས་མི་འདང་བ་ནས་སྤྱིའི་ཆ་ནས་འབྱོར་འབྲིང་དང་ཁྱོན་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་ཐོད་རྒལ་མངོན་འགྱུར་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་དུ་གསོན་ཤུགས་གསར་པ་རྒྱས་པའི་སྒྲིག་གཞིའི་འགན་སྲུང་དང་། འཕེལ་རྒྱས་མགྱོགས་པོར་འགྲོ་བཞིན་པའི་དངོས་པོའི་ཆ་རྐྱེན་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད།

   ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། རང་རེའི་ཏང་གིས་ད་ཡོད་ཀྱི་རྨང་གཞིའི་ཐོག་མུ་མཐུད་དུ་མདུན་བསྐྱོད་བྱས་ཏེ། མུ་མཐུད་དུ་རིག་གཞུང་དང་ལག་ལེན་ཐད་ཀྱི་གསར་གཏོད་ཐོད་རྒལ་མངོན་འགྱུར་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བདེ་བླགས་ངང་དར་སྤེལ་དང་རྒྱ་བསྐྱེད་ཡོད། ང་ཚོས་ངོས་ཟིན་ཐད་མུ་མཐུད་དུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟབ་སྤེལ་དང་གསར་འཛུགས་བྱས་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཐོད་རྒལ་གསར་པ་མངོན་འགྱུར་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྩ་བའི་སྲུང་བྱ་མཁོ་སྤྲོད་བྱས་ཡོད། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནང་སྙིང་དང་ངོ་བོའི་ངོས་ཟིན་ཟབ་སྤེལ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་ཕྱོགས་བསྡོམས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིག་པའི་གཞུང་ལུགས་ཀྱི་མ་ལག་ཐོག་མ་གྲུབ་པར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྔར་ལས་གསལ་བ་དང་སྔར་ལས་ཚན་རིག་དང་མཐུན་པ། སྔར་ལས་ཚོར་ཐུབ་པ་དང་ལག་བསྟར་བྱེད་ཐུབ་པར་བྱས་ཡོད། ང་ཚོས་ཐབས་ཇུས་ཐད་མུ་མཐུད་དུ་འཐུས་ཚང་བཏང་ནས། ཚན་རིག་སློབ་གསོ་ཡིས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་འཇོན་མི་ཡིས་རྒྱལ་ཁབ་སྟོབས་ལྡན་གཏོང་བའི་འཐབ་ཇུས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་སོགས་འཐབ་ཇུས་གལ་ཆེན་རབ་དང་རིམ་པ་ལག་བསྟར་ཟབ་མོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འཐབ་ཇུས་ཀྱི་འདེགས་རྟེན་བརྟན་པོ་མཁོ་སྤྲོད་བྱས་ཡོད། ང་ཚོས་ལག་ལེན་ཐད་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་བཏང་ནས། འཕོ་འགྱུར་རང་བཞིན་གྱི་ལག་ལེན་རབ་དང་རིམ་པ་དང་། ཐོད་རྒལ་རང་བཞིན་གྱི་འཕེལ་རིམ་རབ་དང་རིམ་པ་མངོན་འགྱུར། མཚོན་དཔེ་ཐུབ་པའི་གྲུབ་འབྲས་རབ་དང་རིམ་པ་བརྩོན་ལེན་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གིས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལོན་པ་དང་ལོ་རྒྱས་རང་བཞིན་གྱི་འཕོ་འགྱུར་བྱུང་གང་ཐུབ་བྱེད་པ། ཁྱད་པར་དུ་མཐའ་གཅིག་ཏུ་དབུལ་ཕོངས་ཡིན་པའི་གནད་དོན་མེད་པར་བཟོས་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ལམ་ལུགས་ཀྱི་ཁག་ཐེག་སྔར་ལས་འཐུས་ཚང་དང་དངོས་པོའི་རྨང་གཞི་སྔར་ལས་བརྟན་པོ། བསམ་པའི་སྟོབས་ཤུགས་སྔར་ལས་རང་རྟོག་བཅས་མཁོ་སྤྲོད་བྱས་ཡོད་ཞེས་ནན་གསུངས་གནང་བ་རེད།

  ཞི་ཅིན་ཕིང་གིས། ཏང་གི་སྣེ་ཁྲིད་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁ་ཕྱོགས་དང་མ་འོངས་མདུན་ལམ་དང་། ཆེས་མཐའ་མཇུག་གི་རྒྱལ་ཕམ་བཅས་ལ་ཐད་ཀར་འབྲེལ་བ་ཡོད། ཏང་གི་སྣེ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་ངོ་བོ་གཏན་འཁེལ་བྱེད་ཅིང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ད་གཟོད་མདུན་ལམ་འོད་སྟོང་འབར་བ་དང་། དར་ཞིང་རྒྱས་ཐུབ། དེ་མིན་ན་ཡང་དག་པའི་ཁ་ཕྱོགས་དང་འགལ་ཞིང་། རྩ་བའི་སྲོག་ཤིང་འབོ་སྲིད། ཐ་ན་མགོ་རྟིང་སློག་པའི་ནོར་འཁྲུལ་ཡང་བཟོ་སྲིད། ཏང་གི་སྣེ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འབད་བརྩོན་དམིགས་འབེན་དང་ཕུགས་འདུན་ཆེན་པོ་གཏན་འཁེལ་ཐུབ་པར་འགན་སྲུང་བྱེད་ཅིང་། ང་ཚོའི་ཏང་གི་འབད་བརྩོན་དམིགས་འབེན་ནི་མི་རབས་ནས་མི་རབས་ཤུགས་བཏོན་ཏེ། ཚང་མས་དོ་སྣང་ཐོབ་པ་དང་ལོ་རྒྱུས་སུ་འགོད་ཆོག་པའི་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་ཡོད། ཏང་གི་སྣེ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྒུལ་ཤུགས་སློང་ཐུབ། ང་ཚོའི་ཏང་གིས་བཅོས་བསྒྱུར་གསར་གཏོད་བྱེད་ཕོད་པ་དང་། རྒྱུན་ཆད་མེད་པར་སྒྲིག་གཞི་དང་ལམ་ལུགས་ཀྱི་བཀག་རྒྱ་དཀྲོལ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཐད་སྟོབས་ཤུགས་ཆེན་པོ་བཏོན་ཡོད། ཏང་གི་སྣེ་ཁྲིད་ལ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་འཛོམས་ཡོད། ང་ཚོའི་ཏང་གིས་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་མཐའ་འཁྱོངས། བརྒྱུད་རིམ་ཧྲིལ་བོར་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་བ། མི་དམངས་ཡོངས་ཀྱི་བདག་པོའི་སྙིང་སྟོབས་དར་སྤེལ་བཏང་ཡོད་ཅེས་གསུངས།

  ཞི་ཅིན་ཕིང་གིས། རྒྱལ་ཁབ་ཅིག་དེང་རབས་ཅན་དུ་སྐྱོད་དགོས་ན་དེང་རབས་ཅན་གྱི་རྩ་བའི་ཆོས་ཉིད་བརྩི་སྲུང་བྱ་དགོས་པར་མ་ཟད། དེ་བས་ཀྱང་རང་གི་རྒྱལ་ཁབ་ཀྱི་དངོས་ཡོད་གནས་ཚུལ་དང་བསྟུན་ཞིང་། རང་གི་རྒྱལ་ཁབ་ཀྱི་ཁྱད་ཆོས་ལྡན་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་ཁྱད་ཆོས་ལྡན་པར་མ་ཟད། རང་གི་རྒྱལ་ཁབ་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་པའི་ཁྱད་ཆོས་མངོན་གསལ་ལྡན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་དུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་འབོར་ཆེས་ཆེ་བའི་དེང་རབས་དང་། མི་དམངས་ཡོངས་མཉམ་དུ་ཕྱུག་འགྱུར་བྱུང་བའི་དེང་རབས་ཅན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན། ཞི་བས་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་པའི་དེང་རབས་ཅན་བཅས་ཕྱོགས་ལྔའི་ཀྲུང་གོའི་ཁྱད་ཆོས་ལྡན་པ་ཞིག་ཡིན་ཞེས་ཕྱོགས་བསྡོམས་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཚན་རིག་དང་མཐུན་པའི་ནང་དོན་འགྲེལ་བཤད་ཟབ་མོ་བྱས་ཡོད། དེ་ནི་གཞུང་ལུགས་ཀྱི་སྤྱི་བསྡོམས་ཞིག་ཡིན་པར་མ་ཟད། ལག་ལེན་གྱི་དགོས་མཁོ་ཞིག་ཀྱང་ཡིན། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་བགྲོད་ལམ་ཆེན་པོ་བསྟན་ཡོད།

ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ཁྱད་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱེད་པའི་ཚུན་དུ། ང་ཚོ་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་དར་རྒྱས་ཆེ་བའི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་གི་བཟོ་ལས་ཅན་གྱི་བརྒྱུད་རིམ་མཇུག་རྫོགས་ནས། དཔལ་འབྱོར་མགྱོགས་མྱུར་དུ་འཕེལ་རྒྱས་དང་སྤྱི་་ཚོགས་ཡུན་རིང་གོང་འཕེལ་ཡོང་བའི་ངོ་མཚར་བསྐྲུན་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་མདུན་ལྗོངས་རྒྱ་ཆེན་པོ་བཏོད་ཡོད།ལག་ལེན་ལས་ར་སྤྲོད་ཐུབ་པ་ལྟར་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལག་ལེན་བསྟར་ཐུབ་པ་དང་བརྟན་པོ་ཡིན་པས། སྟོབས་ལྡན་རྒྱལ་ཁབ་ཀྱི་མི་རིགས་བསྐྱར་དར་ཡོང་བའི་ཐབས་ལམ་ཡང་དག་ཁོ་ན་ཡིན་པ་རེད་ཅེས་གསུངས།ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བརྟེན་པ་དང་།ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རང་བཞིན་མཚོན་ཡོད། འགྲོ་བའི་མིའི་ཕུལ་བྱུང་དཔལ་ཡོན་གྱི་གྲུབ་འབྲས་ཡོད་ཚད་བསྡུ་ལེན་བྱས་ཡོད། དེ་ནི་འགྲོ་བ་མིའི་རིགས་ཡར་རྒྱས་གོང་འཕེལ་ཡོང་བའི་ཁ་ཕྱོགས་དང་། ནུབ་ཕྱོགས་དེང་རབས་ཅན་གྱི་རྣམ་པ་དང་མི་འདྲ་བའི་ཐབས་ལམ་གསར་པ་མཚོན་པ་དང་། དེ་ནི་འགྲོ་བ་མིའི་རིགས་ཀྱི་དཔལ་ཡོན་རྣམ་པ་གསར་པ་ཞིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་དེང་རབས་ཅན་ནི་ནུབ་ཕྱོགས་ཅན་མིན་པ་གསལ་འབྱེད་བྱས་ནས།དེང་རབས་ཅན་གྱི་ཐབས་ལམ་གཞན་ཞིག་བཏོད་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་དུ་བསྒྱུར་བའི་ཐབས་ལམ་གདམ་ག་རྒྱ་སྐྱེད་བཏང་ཡོད། འགྲོ་བ་མིའི་རིགས་ཀྱིས་ལམ་ལུགས་སྔར་ལས་ཡག་པོ་འཚོལ་ཞིབ་བྱེད་པར་ཀྲུང་གོའི་ཇུས་གཞི་བཏོན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མཚོན་པའི་ཁྱད་དུ་འཕགས་པའི་འཇིག་རྟེན་ལྟ་བ་དང་རིན་ཐང་ལྟ་བ། ལོ་རྒྱུས་ལྟ་བ། དཔལ་ཡོན་ལྟ་བ།དམངས་གཙོའི་ལྟ་བ།སྐྱེ་ཁམས་ལྟ་བ་བཅས་དང་རླབས་ཆེན་ལག་ལེན་གྱིས་འཛམ་གླིང་དེང་རབས་ཅན་གྱི་རིགས་གཞུང་དང་ལག་ལེན་ལ་གསར་གཏོད་ཆེན་པོ་བྱས་ཡོད།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རང་རྐྱ་འཕེར་བའི་སྒོ་ནས་དེང་རབས་ཅན་དུ་སྐྱོད་པར་དཔེ་སྟོན་བྱས་ཡོད་པར་མ་ཟད། གདམ་ག་གསར་པ་བཏོན་ཡོད་ཅེས་ནན་གསུང་གནང་།ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་བྱེད་པ་ནི་མ་ལག་ཚང་བའི་ལས་གཞི་ཞིག་ཡིན་པས།གཅིག་གྱུར་འཆར་འགོད་དང་།མ་ལག་ཚང་བའི་འཆར་འགོད།སྤྱི་ཡོངས་ནས་སྐུལ་འདེད་གཏོང་དགོས། ཇུས་འགོད་རྩེ་གྲ་དང་ལག་ལེན་འཚོལ་ཞིབ། འཐབ་ཇུས་དང་ཇུས་གཞི། དྲང་བདེན་དང་གསར་གཏོད།ལས་ཆོད་དང་འདྲ་མཉམ། བབ་བསྟུན་དང་སྒྲིག་ལམ། རང་གཅུན་སྒྲིག་ནན་དང་ཕྱི་ཕྱོགས་སྒོ་འབྱེད་སོགས་འབྲེལ་བ་རབ་དང་རིམ་པ་ཐག་གཅོད་ཡང་དག་བྱེད་དགོས།

  མཐོ་རིམ་ཇུས་འགོད་བྱེད་དགོས་ན། འཛམ་གླིང་གི་འཕེལ་ཕྱོགས་ཆེན་མོར་ཞིབ་འཇུག་ཟབ་མོ་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཐུན་མོང་རེ་བ་དམ་འཛིན་ཡག་པོ་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་འཚོལ་ཞིབ་ཟབ་མོ་བྱེད་པ། གཏན་ལ་ཕབ་པའི་འཆར་འགོད་དང་མ་ལག་གིས་དུས་རབས་ཀྱི་རང་བཞིན་མཚོན་པ་དང་ཆོས་ཉིད་ཅན་དམ་དུ་འཛིན་པ། གསར་བསྐྲུན་ནུས་པ་བཏོན་ནས། ད་ལྟ་མ་འོངས་ཟུང་དུ་འབྲེལ་བ་དང་། གོང་འོག་གཅིག་མཐུན། ནང་དོན་མཐུན་སྦྱོར་ཡོང་བ་བཅས་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་བསྐྲུན་བྱེད་པ་ནི་འཚོལ་ཞིབ་ཅན་གྱི་བྱ་གཞག་ཅིག་ཡིན་པས། དཔོག་དཀའ་བའི་ཁྱབ་ཁོངས་ད་རུང་མང་པོ་ཡོད་པས། ང་ཚོས་ལག་ལེན་ཁྲོད་སྤོབས་པ་ཆེན་པོས་འཚོལ་ཞིབ་བྱེད་དགོས། བཅོས་བསྒྱུར་གསར་གཏོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་གཏོང་དགོས། འགྱུར་མེད་མཁྲེགས་འཛིན་དང་ངལ་མེད་འབྲས་ལེན་གྱི་སྟོང་བསམ་བྱེད་མི་རུང་། འཐབ་ཇུས་ཀྱི་རྒྱང་ལྟའི་རང་བཞིན་ཇེ་དྲག་ཏུ་བཏང་ནས། བྱ་གཞག་འཕེལ་རྒྱས་གཏོང་བའི་དགོས་ངེས་ཀྱི་འཕེལ་ཕྱོགས་དམ་འཛིན་ཡག་པོ་བྱེད་དགོས། མདུན་སྐྱོད་ཀྱི་ལམ་བུའི་ཐོག་འབྱུང་སྲིད་པའི་གོ་སྐབས་དང་འགྲན་སློང་ལ་དབྱེ་ཞིབ་ཟབ་མོ་བྱས་ནས། ཚན་རིག་དང་མཐུན་པའི་འཐབ་ཇུས་ཀྱིས་མ་འོངས་ལ་སྔོན་དཔག་དང་སྣེ་ཁྲིད་དགོས། འཐབ་ཇུས་ཀྱི་སྤྱི་ཁོག་རང་བཞིན་ཇེ་དྲག་ཏུ་བཏང་ནས། འཐབ་ཇུས་དམིགས་འབེན་ཇུས་འགོད་བྱེད་པ་དང་འཐབ་ཇུས་བྱེད་ཐབས་གཏན་འབེབས་བྱེད་པ། འཐབ་ཇུས་འཆར་འགོད་བྱེད་པ་བཅས་ཀྱིས་ཏང་དང་རྒྱལ་ཁབ་དར་རྒྱས་རྒུད་དང་འབྲེལ་བའི་གནད་དོན་གལ་ཆེན་ཐག་གཅོད་དགོས། འཐབ་ཇུས་ཀྱི་བརྟན་བརླིང་རང་བཞིན་ཇེ་དྲག་ཏུ་བཏང་ནས། འཐབ་ཇུས་ཆགས་པ་ཙམ་གྱིས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་པ་དང་དམ་འཛིན་མཐའ་འཁྱོལ་བྱེད་པ། ལས་ཕོད་པ་དང་སྒྲུབ་ཕོད་པ་བྱེད་དགོས་པ་ལས། གང་མོས་འགྱུར་ལྡོག་གཏོང་མི་ཆོག འཐབ་ཇུས་ཀྱི་རྩ་དོན་རང་བཞིན་དང་ཐབས་ཇུས་ཀྱི་གང་ལ་གང་འཚམ་རང་བཞིན་ཟུང་འབྲེལ་ཡག་པོ་བྱས་ནས། གང་ལ་ཅི་འོས་དང་སྐབས་བསྟུན་འགྱུར་ལྡོག བློ་ཐག་རྦད་ཆོད། ཡུལ་བབ་དང་འཕེལ་ཕྱོགས་ལ་བསྟུན་ནས་བྱེད་ཐབས་སྤེལ་བ་དང་། གནས་བབ་དང་བསྟུན་ནས་ལས་སྒྲུབ་བྱེད་པའི་གོ་རིམ་ཁྲོད། འཐབ་ཇུས་ཀྱི་རང་རྟོགས་དམ་དུ་འཛིན་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞི་རྩ་དང་འབྱུང་ཁུངས། རྩ་བ་དང་སྙིང་དོན་བཅས་སྲུང་སྐྱོང་ཡག་པོ་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡང་དག་པའི་ཁ་ཕྱོགས་ཁག་ཐེག་བྱེད་དགོས། གསར་གཏོད་དེ་རྒྱལ་ཁབ་འཕེལ་རྒྱས་སྤྱི་ཁོག་གི་འབུར་དུ་ཐོན་པའི་གནས་སུ་འཇོག་པ་དང་། དུས་རབས་འཕེལ་རྒྱས་ཀྱི་རེ་བ་དང་བསྟུན་པ་དང་རིགས་གཞུང་དང་ལག་ལེན་ཐད་ཀྱི་གནད་དོན་གལ་ཆེན་ཐག་གཅོད་རྒྱུ་དམིགས་སུ་བཀར་ནས། འགྱུར་ལྡོག་ལ་ངོས་འཛིན་དང་ཁ་གཏད་འཇལ་བ། འཚོལ་ཞིབ་བྱེད་དགོས། བཅོས་བསྒྱུར་གསར་གཏོད་གང་ཐུབ་བྱས་ནས། རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་ལེགས་ཆ་བསྐྲུན་ནས། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ནུས་པ་སྐུལ་གང་ཐུབ་བྱེད་དགོས།

  མ་རྩ་རིང་ལུགས་ལས་མཐོ་བའི་ནུས་ཕྱོད་སྐུལ་སྤེལ་གཏོང་དགོས་པར་མ་ཟད། སྤྱི་ཚོགས་འདྲ་མཉམ་ལ་སྲུང་སྐྱོང་ནུས་ལྡན་བྱེད་དགོས། ནུས་ཕྱོད་དང་འདྲ་མཉམ་གཉིས་ཀ་དམ་འཛིན་ཡག་པོ་བྱས་ཏེ། ཕན་ཚུན་སྐུལ་འདེད་དང་ཕན་ཚུན་གཅིག་གྱུར་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་བཀོད་འདོམས་བྱས་ཏེ། རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་ཚང་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ནུས་པ་ཇེ་དྲག་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་ཀྱི་སྲིད་ཏང་བདེ་འཇགས་དང་ལམ་ལུགས་བདེ་འཇགས། འདུ་ཤེས་འཛིན་སྟངས་བདེ་འཇགས། ཁྱབ་ཁོངས་གལ་ཆེན་གྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས། རང་བདག་རང་རྐྱ་དང་རང་སྟོབས་རང་ཚུགས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་རང་ཉིད་ཀྱི་ནུས་པའི་གཞི་རུ་འཛིན་པ་རྒྱུན་འཁྱོངས། རང་རྒྱལ་འཕེལ་རྒྱས་ཀྱི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས། མུ་མཐུད་དུ་ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་བྱེད་པ་དང་། འཛམ་གླིང་ཐོན་ལས་ལས་བགོས་དང་མཉམ་ལས་ཁྲོད་ཟབ་ཞུགས་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཐོན་ཁུངས་མི་འདྲ་བ་གཉིས་བེད་སྤྱོད་ཡག་པོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཕེལ་རྒྱས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་དགོས་ཞེས་གསུངས་པ་རེད།

  ཞི་ཅིན་ཕིང་གིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐུལ་འདེད་གཏོང་བ་ནི་སྔ་བྱུང་མ་མྱོང་བའི་གསར་གཏོད་ཀྱི་བྱ་གཞག་ཅིག་ཡིན་པས། སྔོན་དཔག་ཐུབ་པ་དང་ལྐོག་གྱུར་གྱི་ཉེན་ཁ་དང་དཀའ་ཉེན་དང་འཇིགས་རུང་གི་འགྲན་སློང་མང་པོ་དང་འཕྲད་ངེས་ཡིན། ངེས་པར་དུ་ཉམས་ཉེན་གྱི་འདུཤེས་ཇེ་དྲག་བཏང་ནས། མ་མཐའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། བདེ་བར་སྡོད་སྐབས་ཉེན་ཁ་མི་བརྗེད་པ་དང་ཆུ་མ་ཡོང་གོང་ལ་ཆུ་རགས་དང་། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ་བྱེད་དགོས་ལ། འཐབ་རྩོད་ནན་མོ་ལ་བརྟེན་ནས། བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། འཐབ་ཇུས་དྭངས་གསལ་རྒྱུན་འཁྱོངས་བྱས་ཏེ། ཉེན་ཁ་དང་དཀའ་ཁག་ཅི་དང་འཕྲད་ཀྱང་ནམ་རྒྱུན་འཆར་གཞི་ཡོད་པ་བྱེད་དགོས། འཐབ་ཇུས་རང་རྟོན་རྒྱུན་འཁྱོངས་བྱས་ཏེ་འཐབ་རྩོད་སྤོབས་པ་ཇེ་དྲག་གཏོང་བ། འཐབ་ཇུས་རང་སྒུལ་རྒྱུན་འཁྱོངས་བྱས་ཏེ་འཐབ་རྩོད་རྩལ་ནུས་ཇེ་དྲག་གཏོང་དགོས། ནུས་པ་མཐོར་འདེགས་ཇེ་དྲག་བཏང་ནས། འགོ་ཁྲིད་ལས་བྱེད་དང་ལྷག་པར་དུ་ན་གཞོན་འགོ་ཁྲིད་ལས་བྱེད་ལ་བསམ་བློའི་ཐད་ཀྱི་སྦྱོང་བརྡར་དང་ཆབ་སྲིད་སྦྱོང་བརྡར། ལག་ལེན་སྦྱོང་བརྡར། ཆེད་ལས་སྦྱོང་བརྡར་བྱས་ཏེ། རྙོག་འཛིང་གི་ཉེན་ཁ་ཆེ་བའི་འཐབ་རྩོད་ཁྲོད་ནས་མིག་རྒྱང་བསྐྱེད་པ་དང་ཉམས་མྱོང་གསོག་པ། རང་ཉིད་སྟོབས་ལྡན་དུ་གཏོང་བ་དང་འཇོན་ནུས་བསྐྱེད་དགོས། འཐབ་རྩོད་ཉེན་ཅན་དང་རྙོག་འཛིང་ཅན་གྱི་ཁྲོད་ནས་ལས་བྱེད་དཔྱད་དཔོག་དང་ངོས་ལེན་གཙིགས་སུ་བཟུང་ནས། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ་དང་། འགན་ཁུར་ཕོད་པ། དོ་དམ་བྱེད་ཕོད་པ་དང་བྱེད་མཁས་པ། མི་ལ་ཕོག་ཐུག་གཏོང་བར་མི་སྐྲག་པའི་ལས་བྱེད་པར་རྒྱབ་རྟེན་དང་བེད་སྤྱོད་བྱ་དགོས། ལས་བྱེད་པ་ཡག་མོ་ཡོད་ན་བེད་ཡག་མོ་སྤྱོད་དགོས་ཞེས་གསུངས།

  ཞི་ཅིན་ཕིང་གིས་མཐའ་མར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་བྱེད་པར་ངེས་པར་དུ་ལོ་དང་པོའི་ལས་དོན་ཡག་མོ་བསྒྲུབ་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ། བརྟན་པོར་ཡོང་བ་རྒྱུན་འཁྱོངས། བརྟན་ཐོག་ལེགས་བརྩོན། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་མོ་གཉིས་ལ་གཅིག་འགྱུར་འཆར་འགོད་བྱེད་པ། རིམས་ནད་སྔོན་འགོག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཉིས་ལ་གཅིག་འགྱུར་འཆར་འགོད་ཡག་མོ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འགྱུར་འཆར་འགོད་ཡག་མོ་བྱེད་པ། བཅོས་བསྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ་དང་། སྤུས་མཐོའི་འཕེལ་རྒྱས་གཏོང་བ། ཚོང་གཉེར་བྱེད་མཁན་གྱི་ཡིད་ཆེས་ཇེ་དྲག སྤྱི་ཚོགས་སྔོན་དཔག་བརྟན་པོ་གཏོང་བ། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་ལེགས་བསྒྱུར་ཡོང་བར་བྱ་དགོས་ཞེས་ནན་གསུངས་གནང་།

  ལི་ཆང་གིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་གཞུང་དང་ལག་ལེན་རབ་དང་རིམ་པ་ལ་གསལ་བཤད་ཟབ་མོ་གནང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་གཞུང་གི་ནང་དོན་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་ཡོད། ཆབ་སྲིད་རང་བཞིན་དང་རིགས་གཞུང་རང་བཞིན། དམིགས་གཏད་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཀྱི་ནུས་པ་དྲག་པོ་ལྡན། ཏང་ཡོངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གོ་བ་ཡང་དག་ལེན་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། གཏན་ཁེལ་གཉིས་ཀྱི་ཐག་གཅོད་ཀྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། རྒྱལ་ཁབ་ཆེན་མོའི་འགན་འཁྲི་སེམས་སུ་བཟུང་པ། འདུ་ཤེས་བཞི་ཇེ་དྲག་གཏོང་བ།  ཡིད་ཆེས་བཞི་བརྟན་པོ། སྲུང་སྐྱོང་གཉིས་བྱེད་པ། རྒྱང་སྐྱོད་གསར་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་འཕེལ་རྒྱས་ཆེན་པོ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པས། ང་ཚོས་སློབ་སྦྱོང་བྱས་ནས་གོ་བ་ལེན་པ་དང་། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་གཅིག་འགྱུར་བྱེད་པ། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་གཅིག་འགྱུར་བྱེད་པ། ས་གནས་དེ་ག་དང་ལས་ཁུངས་དེའི་ལས་དོན་སོ་སོ་ཡག་པོ་བསྒྲུབས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཇེ་ཡག་བྱ་དགོས་ཞེས་གསུངས་པ་རེད།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་གྱི་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་བློ་མཐུན་གཞན་དག ཀྲུང་དབྱང་དམག་ཨུའི་ཨུ་ཡོན་གྲོས་ཚོགས་ནང་ཞུགས།

  གསར་དུ་བདམས་བསྐོས་ཐོབ་པའི་ཀྲུང་དབྱང་ཨུ་ལྷན་གྱི་ཨུ་ཡོན། རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་སོ་སོ། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས། འབྲེལ་ཡོད་མི་དམངས་ཚོགས་པའི་འགན་ཁུར་བློ་མཐུན་གཙོ་བོ། བཅིངས་འགྲོལ་དམག་གི་ལས་ཁུངས་སོ་སོ། དྲག་ཆས་ཉེན་རྟོག་དམག་དཔུང་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་བགྲོ་གླེང་ཚོགས་འདུའི་ནང་ཞུགས། ཀྲུང་དབྱང་ཏང་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་འགོ་ཚུགས་མཛད་སྒོའི་ནང་ཟུར་ཞུགས་བྱས།


关键词 >>
分享:

相关阅读

网站地图 新闻 专题 晚会活动 康巴卫视节目 视频 娱乐 图说 文化 旅游
国内国际
涉藏新闻
岗日杂塘
启米时间
法治明镜
向巴聊天
康巴讲坛
康巴欢乐汇
雪域高原
欢乐星播客
快乐汉藏语
周末大舞台
藏歌金曲
云丹科普苑
格桑花开
翁姆报天气
央视新闻联播
康巴卫视新闻
纪录片
微视频
专题片
电影
电视剧
动画片
藏歌藏舞
晚会活动
文化动态
藏传佛教
名家专栏
艺术
旅游资讯
景点推荐
风土人情
旅游宝典
加载更多 >>
涉藏各地
合作媒体
关于我们 |卫视动态|播出时间表 |广告刊例 |用户协议 |举报制度

蜀ICP备 15032686号

新闻信息服务资质备案号:川新备14-000059

川公网安备 51019002000121号


中国互联网举报中心

四川省互联网不良与违法信息举报中心


违法及不良信息举报电话:028-8598 1942