英文|藏文 |APP W020161009565839193236.jpg | 微信 111111111.jpg

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་དུ་འཚོགས།

2023-03-01 来源:ཤམ་བྷ་ལ་ཆ་འཕྲིན། 分享:

  ཉིས་སྟོང་ཉེར་གསུམ་ལོའི་ཟླ་བ་གཉིས་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བརྒྱད་ཉིན་གྱི་བར། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་དུ་འཚོགས་པ་རེད། འདི་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས་བཀོད་པ་ཡིན།

 ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས།

  ཉིས་སྟོང་ཉེར་གསུམ་ལོའི་ཟླ་བ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་བ་བརྒྱུད།ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དེ་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བ་གཉིས་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བརྒྱད་ཉིན་གྱི་བར་པེ་ཅིན་དུ་འཚོགས་པ་རེད།

  ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་ཨུ་ཡོན་ཉིས་བརྒྱ་བཅུ་མེད་གསུམ་དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་བརྒྱ་དང་བདུན་ཅུ་ཞུགས་ཡོད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ནང་ཟུར་ཞུགས་བྱས་པ་རེད།

ཚང་འཛོམས་གྲོས་ཚོགས་ཉིད་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཙོ་སྐྱོང་གནང་ཞིང་། ཀྲུང་དབྱང་ཨུ་ལྷན་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

  ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངག་བཅོལ་ལྟར་ཕུལ་བའི་ལས་ཀའི་སྙན་ཞུར་གསན་པར་མ་ཟད་གྲོས་བསྡུར་བྱས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་ཕྱི་ནང་གི་བསམ་འཆར་བསྡུ་ལེན་བྱེད་པ་དང་། ཨ་ནས་ཡང་དུ་གྲོས་མོལ་བྱས་ཐོག་བཏོན་པའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོར་འོས་སྦྱོར་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣ་འདེམ་པའི་གྲོས་འགོའི་མིང་ཐོ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་འོས་སྦྱོར་བྱས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་མི་སྣ་འདེམ་པའི་གྲོས་འགོའི་མིང་ཐོ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། གྲོས་འགོ་མིང་ཐོ་འདི་གཉིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པར་འོས་སྦྱོར་བྱ་རྒྱུའི་གྲོས་ཐག་བཅད། བསམ་འཆར་བསྡུ་ལེན་ཞིབ་མོ་བྱས་ཐོག་བཏོན་པའི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་བསྒྱུར་འཆར་འགོད་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད་ལ། ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་བསྒྱུར་འཆར་འགོད་ཀྱི་མ་ཟིན་སྐོར་ནས་ཚང་འཛོམས་གྲོས་ཚོགས་ཐོག་གསལ་བཤད་གནང་། ཚང་འཛོམས་གྲོས་ཚོགས་ཐོག ཏང་དང་རྒྱལ་ཁབ་བཅོས་བསྒྱུར་འཆར་འགོད་ཀྱི་ནང་དོན་ཁ་ཤས་ཁྲིམས་བཀོད་གོ་རིམ་ལྟར་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུར་འབུལ་བའི་མོས་མཐུན་བྱུང་ཡོད།

  ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ནས་ད་བར་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་སྟེ། ཚང་མས་རྒྱལ་སྤྱིའི་ཁོར་ཡུག་རྙོག་འཛིང་ཆེ་བ་དང་རྒྱལ་ནང་བཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་གཏོང་བའི་ལས་འགན་ལྕི་མོ་ལ་དམིགས་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་ཅིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོས་བསྒྲེངས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། རྒྱལ་ནང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་ལ་སྔ་ལས་གཅིག་འགྱུར་འཆར་འགོད་ཡག་མོ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་འགྱུར་འཆར་འགོད་ཡག་མོ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འགྱུར་འཆར་འགོད་ཡག་མོ་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་བྱེད་པའི་ཚ་རླབས་འཕྱུར་བ། བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་གདོང་བས་མྱ་ངན་ཞུས་པ། རྒྱལ་ཡོངས་དམངས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བརྗེའི་གྲ་སྒྲིག་ལས་དོན་ཡག་མོ་བསྒྲུབས་པ་དང་། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དུས་བསྟུན་ལེགས་སྒྲིག་དང་ལེགས་བཅོས་བྱས་ནས། དཔལ་འབྱོར་བརྟན་པོས་སླར་གསོ་བྱུང་བ་དང་སྤུས་མཐོའི་འཕེལ་རྒྱས་བཏང་བ། སྤྱི་ཚོགས་རིང་ལུགས་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་དང་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ཡག་མོ་བསྒྲུབས་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་སྲུང་སྐྱོང་བརྟན་པོ་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་གྱི་རྒྱང་སྐྱོད་གསར་པ་ཕྱེས་པ། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་ཇེ་ཟབ་དང་། ལས་དོན་སོ་སོ་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པར་གདེང་འཇོག་ཚད་མཐོ་གནང་ཡོད།

  ཚང་འཛོམས་གྲོས་ཚོགས་ཐོག་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་དང་པོ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་ཡག་མོ་འཚོག་པ་དེས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྱོང་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་མཐུན་སྒྲིལ་འབད་བརྩོན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཞེས་ནན་གྱིས་བསྟན།

  ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དེ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་དུ་བརྩིས་ནས། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་གཙིགས་སུ་འཛིན་པ་རྒྱུན་འཁྱོངས། མཐུན་སྦྱོར་ནུས་མཐོ་ལེགས་བསྒྱུར་རྒྱུན་འཁྱོངས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་བཅས་གཞིར་བཟུང་ནས། ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་དང་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་ལ་མ་ལག་རང་བཞིན་དང་ཧྲིལ་པོ་ཅན་གྱི་བསྐྱར་སྒྲིག་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་འགན་སྲུང་ནུས་ལྡན་བྱས་ཐུབ་པར་མ་ཟད། མུ་མཐུད་དུ་ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་ལ་ཉམས་མྱོང་རྩ་ཆེན་གསོག་ཐུབ་པར་བསྟན།

  ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པས་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་ལ་བཀོད་སྒྲིག་གལ་ཆེན་གནང་ཡོད་ལ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་དང་ཁྱོན་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་དོན་སྙིང་གལ་ཆེན་ལྡན་པས། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ་དང་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ཀྱིས་སྣེ་ཁྲིད་ཇེ་དྲག་བཏང་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་དང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། གནས་ལྔ་ཕུང་གཅིག་གི་སྤྱིའི་བཀོད་པ་གཅིག་གྱུར་འཆར་འགོད་བྱེད་པ་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་པ་མཐུན་སྦྱོར་ངང་ལག་བསྟར་བྱེད་པའི་བླང་བྱ་དང་འོས་འཚམ་བྱེད་པ།  འཕེལ་རྒྱས་ཀྱི་བཀོད་པ་གསར་པ་སྒྲིག་འཛུགས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འོས་ཤིང་འཚམ་པ་དང་། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་ཏང་ཀྲུང་དབྱང་གི་ལས་ཁུངས་དང་རྒྱལ་ཡོངས་དམངས་ཆེན་གྱི་ལས་ཁུངས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས། རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་ཁུངས་བཅས་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཀྲུང་དབྱང་དང་ས་གནས་གཅིག་གྱུར་འཆར་འགོད་བྱེད་པ། ཁྱབ་ཁོངས་གལ་ཆེན་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་བྱེད་པ། ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པ་ལ་སྣེ་ཁྲིད་པ་དེ་ལས་ཁུངས་སྒྲིག་འཛུགས་ཁྲོད་དུ་དེ་བས་ཚན་རིག་དང་མཐུན་ཞིང་། འགན་ནུས་ཐད་ནས་དེ་བས་ལེགས་བསྒྱུར་དང་ལམ་ལུགས་སྒྲིག་ལམ་ཐད་ནས་དེ་བས་འཐུས་སྒོ་ཚང་ཞིང་། ལས་གཉེར་དོ་དམ་ཁྲོད་ནས་དེ་བས་ནུས་ཕྱོད་མཐོ་བར་བྱས་ཡོད་ཅེས་བསྟན་པ་རེད།

  ཚང་འཛོམས་གྲོས་ཚོགས་ཐོག ས་གནས་སོ་སོའི་ལས་ཁུངས་ཁག་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་གཞིགས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་གྱི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་ལ་ངོས་ཟིན་ཟབ་མོ་ཡོད་དགོས་པ་དང་། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་པ་དང་འདུ་ཤེས་བཞི་ཇེ་དྲག་གཏོང་བ།ཡིད་ཆེས་བཞི་ཇེ་བརྟན། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ།  རང་རྟོགས་སྒོས་བསམ་སྦྱོར་གཉིས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་དབང་གྲགས་རང་བཞིན་དང་གཟབ་ནན་རང་བཞིན་ལ་སྲུང་སྐྱོང་བྱེད་པ། བཅོས་བསྒྱུར་གྱི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ། རྩ་འཛུགས་དང་འགོ་ཁྲིད་ཇེ་དྲག་བཏང་ནས། འཕྲི་ལྷག་མེད་པར་ལས་ཁུངས་བཅོས་བསྒྱུར་གྱི་ལས་འགན་དོན་ཐོག་ཏུ་འཁྱོལ་དགོས་ཞེས་ནན་བསྟན་གནང་།

  ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་ཟབ་མོ་བྱེད་པ་ནི་མིག་སྔ་དང་རྗེས་མའི་དུས་ཡུན་ནང་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་ཡིན་ཏེ། སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་ཟབ་མོ་བྱེད་པ་དེ་གཏིང་ཟབ་ཅིང་དོན་དམ་གཉེར་བར་སྐུལ་འདེད་གཏོང་དགོས་ལ། བསྒྲགས་ཐབས་ཕུན་སུམ་ཇེ་ཚོགས་དང་བྱེད་ཐབས་གསར་གཏོད་བྱེད་དགོས་པ་དང་། མི་དམངས་མང་ཚོགས་ཀྱིས་ལྟ་འདོད་ཉན་འདོད་ཀྱི་རྣམ་པར་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་ལས་ཁུངས་དང་ཁེ་ལས། དོན་ལས་ལས་ཁུངས། གྲོང་ཁྱེར་དང་གྲོང་གསེབ། འདུས་ཁུལ།  སློབ་གྲྭ། དམག་སྒར། རིགས་སོ་སོའི་དཔལ་འབྱོར་རྩ་འཛུགས་གསར་པ་དང་སྤྱི་ཚོགས་ཀྱི་རྩ་འཛུགས་གསར་པ། དྲྭ་ཚིགས་བཅས་སུ་དྲིལ་བསྒྲགས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་མིའི་སེམས་སུ་ཟུག་འཇུག་དགོས། འགོ་ཁྲིད་ལས་བྱེད་པས་མུ་མཐུད་དུ་ཁྱོན་ཡོངས་ནས་སློབ་སྦྱོང་དང་ཁྱོན་ཡོངས་ལ་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་བཅས་ལ་དཔེ་སྟོན་བྱས་ནས། དུས་རབས་གསར་པའི་ལོ་བཅུའི་རླབས་ཆེའི་འཕོ་འགྱུར་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཛམ་གླིང་ལྟ་བ་དང་བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། ཐབས་ཤེས་བཅས་ཁོང་དུ་ཡག་མོ་ཆུད་དེ། སྤྱི་ཁོག་ནས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ནང་ཏང་དང་རྒྱལ་ཁབ་བྱ་གཞག་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན། འཐབ་ཇུས་བཀོད་སྒྲིག བྱེད་ཐབས་གལ་ཆེན་བཅས་ཁོང་དུ་ཆུད་པ། རང་གི་ས་ཁུལ་དང་རང་ཉིད་སྡེ་ཁག་གི་དོན་དངོས་ལ་གཞིགས་ནས་བྱེད་ཐབས་ཞིབ་ཕྲ་གཏན་འབེབས་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་པའི་ངོས་འཛིན་བྱུང་ཡོད།

  ཚང་འཛོམས་གྲོས་ཚོགས་ཐོག མིག་སྔར། འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་བྱུང་བཞིན་ཡོད་ལ། འཛམ་གླིང་ཟང་ཟིང་གི་འཕོ་འགྱུར་དུས་རིམ་གསར་པར་སླེབས་ཡོད། རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་གོ་སྐབས་དང་ཉེན་ཁ་འགྲན་རྩོད་མཉམ་གནས། ངེས་མ་མཆིས་ཤིང་སྔོན་དཔོག་དཀའ་བའི་རྒྱུ་རྐྱེན་མང་བའི་དུས་རིམ་དུ་སླེབས་ཡོད་པས། ངེས་པར་དུ་འགྱུར་ལྡོག་ཚབས་ཆེན་དང་ཐ་ན་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་ཉམས་སད་ཐེབས་རྒྱུར་ཁ་གཏད་འཐུབ་པའི་གྲ་སྒྲིག་བྱེད་དགོས། རང་རྒྱལ་གྱི་བཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་ཐད་ལ་སྔར་བཞིན་འགལ་བ་ཆེན་པོ་དུ་མ་དང་འཕྲད་ཡོད་དེ། དགོས་མཁོ་ཉུང་འགྱུར་དང་མཁོ་འདོན་དོ་སྙོམས་མིན་པ། སྔོན་དཔོག་ཉམས་ཞན་ཕྱོགས་ཀྱི་དཀའ་ངལ་སྔར་བཞིན་ཅུང་ཆེ་བ། དཔལ་འབྱོར་སླར་གསོའི་རྨང་གཞི་ད་རུང་བརྟན་པོ་མིན་པས།རིགས་སོ་སོའི་སྔོན་དཔོག་ལས་བརྒལ་བའི་རྒྱུ་རྐྱེན་དུ་མ་ཞིག་དུས་དང་རྣམ་པ་ཀུན་ཏུ་འབྱུང་སྲིད།

  ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཡིད་ཆེས་བརྟན་པོ་དང་འཐབ་ཇུས་རིག་ལམ་གསལ་པོ་རྒྱུན་འཁྱོངས་དགོས་ལ། འཐབ་འཛིང་གི་སྙིང་སྟོབས་དར་སྤེལ་དང་། གཅིག་འགྱུར་འཆར་འགོད་ཡག་པོ་གསུམ་ལག་བསྟར་བྱས་ནས་ད་ལོའི་དམིགས་འབེན་ལས་འགན་ཁག་འགྲུབ་གང་ཐུབ་བྱ་དགོས། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་ཆ་ཚང་ཞིང་གནད་ལ་ཁེལ་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྱོང་ཇེ་མགྱོགས་གཏོང་དགོས་ལ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།  ཏང་ཀྲུང་དབྱང་གི་དུས་རིམ་གསར་པའི་རིམས་ནད་འགོག་བཅོས་ཀྱི་ཆོད་དོན་བཀོད་སྒྲིག་ལག་ལེན་ནན་མོ་དང་རིམས་ནད་རིགས་ཁ་པར་ཚོད་འཛིན་དོ་དམ་བྱེད་ཐབས་ཁ་པ་སྤྱོད་པའི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས། ནང་མཁོ་རྒྱ་བསྐྱེད་ཧུར་ཐག་བཏང་ནས། ཐོན་ལས་མ་ལག་དང་མཁོ་འདོན་མ་ལག་གི་ནུས་པ་དང་བདེ་སྲུང་ཆུ་ཚད་མཐོར་འདེགས་གཏོང་དགོས་ལ། མུ་མཐུད་དུ་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་གཏོང་བ། དཔལ་འབྱོར་དངུལ་རྩའི་ཉེན་ཁ་ཆེན་པོ་འགོག་སེལ་ནུས་ལྡན་བཏང་ནས་མ་ལག་ཅན་གྱི་ཉེན་ཁ་མི་འབྱུང་བའི་མ་མཐའ་གཏན་བསྲུང་བྱ་དགོས། དམངས་འཚོ་ཁག་ཐེག་དང་ལེགས་སྒྱུར་ལས་དོན་ཁག་ཇེ་དྲག་གཏོང་བ་དང་། ལས་ཞུགས་དམིགས་སུ་བཀར་བའི་སྲིད་ཇུས་དོན་འཁྱོལ་ཞིབ་ཕྲ་བྱེད་པ། དཀའ་ངལ་ཡོད་པའི་མི་སེར་གྱི་འཚོ་རྟེན་འགན་སྲུང་ཡག་པོ་བྱེད་པ། སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་བརྟན་པོ་བྱེད་ཅིང་། སྨན་བཅོས་འཕྲོད་བསྟེན་དང་ནང་སྒོས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་སྤྱི་པའི་ཞབས་ཞུའི་ཞན་ཆ་ཁ་གསབ་ནས། བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་དང་མ་ལག་འཐུས་ཚང་གཏོང་དགོས། ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་དང་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བཏང་ནས་གཞི་རྒྱ་ཆེ་བའི་དབུལ་ཕོངས་བསྐྱར་ལོག་གཏན་འགོག་བྱེད་དགོས་པ་བཅས་བསྟན།

  ཚང་འཛོམས་གྲོས་ཚོགས་ཐོག  བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པའི་དམིགས་འབེན་ལ་གཞིགས་ནས། འཐབ་ཇུས་རང་བཞིན་དང་གསར་གཏོད་རང་བཞིན། སྣེ་ཁྲིད་རང་བཞིན་གྱི་བཅོས་སྒྱུར་བྱེད་ཐབས་ཁག་ཅིག་གཏན་འབེབས་བྱེད་ཅིང་། བཅོས་བསྒྱུར་མ་ལག་འདུས་གྲུབ་དང་མཐུན་སྦྱོར་ནུས་མཐོ་ཇེ་ཆེར་བཏང་ནས། ཁྱབ་ཁོངས་གཙོ་བོ་དང་གནད་འགག་དུས་རིམ་ནང་ཐོད་བརྒལ་གསར་པ་ཐོབ་འཐུབ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་གཏོང་བ། དེང་རབས་དངུལ་རྩའི་ལྟ་སྐུལ་དོ་དམ་ཇེ་དྲག་དང་འཐུས་ཚང་གཏོང་བ། ཆུ་ཚད་མཐོན་པོའི་ཕྱི་ཕྱོགས་སྒོ་འབྱེད་འཕེལ་རྒྱས་སྐུལ་འདེད་གཏོང་བ་དང་ཁྱབ་ཁོངས་སོ་སོའི་བཅོས་སྒྱུར་ལ་གཅིག་འགྱུར་འཆར་འགོད་ཡག་པོ་བྱེད་དགོས། བཅོས་བསྒྱུར་དོན་འཁྱོལ་ནང་རྐྱེན་འཐུས་ཚང་ལ་དོ་སྣང་དང་། བཅོས་བསྒྱུར་བྱེད་ཐབས་དོན་དུ་འཁྱོལ་ནས་འབྲས་བུ་ཐོབ་དགོས་ལ། མུ་མཐུད་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་བསྐྲུན་ནུས་སྟོབས་དང་གསོན་ཤུགས་ཇེ་དྲག་བཏང་ནས། རང་རྒྱལ་གྱི་ལམ་ལུགས་ལེགས་ཆ་དེ་རྒྱལ་ཁབ་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་་ལེགས་པར་བྱེད་དགོས་ཞེས་བཏོན་པ་རེད།

  ཚང་འཛོམས་གྲོས་ཚོགས་ཐོག  ཏང་གི་ཚོགས་ཆེན་ཉི་ཤུ་པས་ཏང་གི་འཛུགས་སྐྱོང་ཐད་གནང་བའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་ཟབ་མོ་བྱེད་དགོས་པ་དང་། ཏང་ཆེན་པོ་ཁོ་ན་ལ་ཡོད་པའི་དཀའ་ཁག་སེལ་བའི་བློ་རིག་གསལ་པོ་དང་ཡིད་ཆེས་བརྟན་པོ་ནམ་ཡང་ཡོད་དགོས། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་མ་ལག་འཐུས་ཚང་གཏོང་བ། ཏང་གི་ཆབ་སྲིད་འཛུགས་སྐྱོང་རྩ་གནད་བྱེད་དེ། ཏང་གི་ཕྱོགས་སོ་སོའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་ཏང་གི་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་ལ་སྐུལ་འདེད་བྱེད་དགོས། ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ལ་སློབ་སྦྱོང་ཟབ་མོ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་དང་རྩ་འཛུགས་ཞིབ་ཕྲ། རིགས་གཞུང་སློབ་སྦྱོང་དང་བཀོལ་སྤྱོད་ཇེ་དྲག་གཏོང་བའི་ཐད་མིག་མཐོང་ལག་ཟིན་ཐུབ་པའི་གྲུབ་འབྲས་ཐོབ་ཡོད། སྐབས་བརྗེའི་འགོ་ཁྲིད་ཚན་ཁག་གི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ཡག་པོ་དང་། དམངས་གཙོ་གཅིག་བསྡུས་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། སྤྱོད་གཙང་སྲིད་གཙང་གི་ཆབ་སྲིད་ཁོར་ཡུག་སྐྲུན་ཞིང་། མཐུན་བསྒྲིལ་མཐུན་སྦྱོར་དང་འགན་འཁྲི་འཁུར་ཕོད་པ། ལེགས་པས་བསྒྲུབས་ན་ལེགས་འགྲུབ་ཐུབ་པའི་སྙིང་སྟོབས་ཡོད་དགོས། སྤྱོད་གཙང་སྲིད་གཙང་་རྒྱུན་འཁྱོངས་ནན་མོ་བྱེད་པ་དང་། སྤྱོད་ངན་བཞི་རྒྱུན་མཐུད་དུ་དག་ཐེར་བྱེད་པ། བརྟག་དཔྱད་ཞིབ་འཇུག་གི་སྲོལ་བཟང་དར་སྤེལ་གཏོང་བ། དམ་པ་དོན་གཉེར་དང་དོན་དངོས་གཉེར་སྒྲུབ་ཀྱི་བྱ་སྤྱོད་དར་སྤེལ་བཏང་ནས། ལོ་རྒྱུས་དང་མི་དམངས་ཀྱི་ཉམས་ཟད་ཐེབས་ཐུབ་པའི་གྲུབ་འབྲས་ཐོབ་བཅུག་དགོས། རུལ་སུངས་མི་ཕོད་པ་དང་རུལ་སུངས་མི་རུང་པ། རུལ་སུངས་མི་ཉན་པ། རུལ་སུངས་མི་བསམ་པ་གཅིག་ཏུ་སྐུལ་ནས། རུལ་སུངས་ལ་རྒོལ་བ་ལས་རྣམ་པ་རྒྱལ་འཐུབ་དགོས་ཞེས་ནན་གྱིས་བཏོན།

  ཚང་འཛོམས་གྲོས་ཚོགས་ཐོག  ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་ཟབ་མོ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ། རླབས་ཆེན་ཏང་འཛུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ངེས་པར་གསུམ་བརྟན་སྲུང་། རང་རྟོན་རང་དར་དང་དྲང་སྲུང་གསར་གཏོད། ཡར་ཐོན་འབད་འབུངས། འབད་པ་ལྷོད་མེད་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་འགྲུབ་ཆེད་མཉམ་དུ་འབད་བརྩོན་བྱེད་དགོས་ཞེས་སྐུལ་མའང་བཏང་ཡོད།


关键词 >>
分享:

相关阅读

网站地图 新闻 专题 晚会活动 康巴卫视节目 视频 娱乐 图说 文化 旅游
国内国际
涉藏新闻
岗日杂塘
启米时间
法治明镜
向巴聊天
康巴讲坛
康巴欢乐汇
雪域高原
欢乐星播客
快乐汉藏语
周末大舞台
藏歌金曲
云丹科普苑
格桑花开
翁姆报天气
央视新闻联播
康巴卫视新闻
纪录片
微视频
专题片
电影
电视剧
动画片
藏歌藏舞
晚会活动
文化动态
藏传佛教
名家专栏
艺术
旅游资讯
景点推荐
风土人情
旅游宝典
加载更多 >>
涉藏各地
合作媒体
关于我们 |卫视动态|播出时间表 |广告刊例 |用户协议 |举报制度

蜀ICP备 15032686号

新闻信息服务资质备案号:川新备14-000059

川公网安备 51019002000121号


中国互联网举报中心

四川省互联网不良与违法信息举报中心


违法及不良信息举报电话:028-8598 1942