ཀྲུང་གོའི་བུད་མེད་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་པེ་ཅིན་དུ་འཚོགས།
| 2023-10-24 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། ཀྲུང་གོའི་བུད་མེད་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས་ཤིང་། ཞི་ཅིན་ཕིང་དང་ལི་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་འདུ་ནང་ཞུགས་ནས་རྟེན་འབྲེལ་ཞུས་པ་རེད། ཏིང་ཞུའེ་ཞང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་ཕུལ།

མི་དམངས་ཚོགས་ཁང་ཆེན་མོའི་ཚོགས་ཁང་དུ་བརྗིད་ཉམས་ཁེངས་ཤིང་། རྒྱལ་ཡོངས་ཀྱི་ལས་རིགས་སོ་སོ་ནས་ཡོང་བའི་ཀྲུང་གོའི་བུད་མེད་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྐུ་ཚབ་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁོངས་དང་ཨོ་མོན་དམིགས་བསལ་སྲིད་འཛིན་ས་ཁོངས་ནས་ཡོང་བའི་ཆེད་མངག་སྐུ་ཚབ་དགུ་ཅུ་བཅས་ཀྱིས་བུད་མེད་དུང་ཕྱུར་གྱི་མངག་བཅོལ་ཕྲག་ཏུ་ཁུར་ནས་ཚོགས་ཆེན་ནང་ཞུགས་པ་རེད།
སྔ་དྲོའི་ཆུ་ཚོད་བཅུ་པར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཚོགས་རའི་ནང་དུ་ཕེབས་པར། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོར་བས་དགའ་བསུའི་ཐལ་སྒྲས་ཁེབས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཧྲེང་ཡོན་ཡོན་གྱིས་ཚོགས་ཆེན་འགོ་ཚུགས་རྒྱུ་ཁྱབ་བསྒྲགས་གནང་བ་རེད། ཚང་མར་ཡར་ལངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་རྗེས། ཏེང་ཞུའེ་ཞང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་ཡོང་བར་དུས་རབས་གསར་པའི་བུད་མེད་ཀྱི་ལེའུ་གསར་པ་རྩོམ་དགོས་ཞེས་པའི་ཤིས་ཚིག་ཕུལ། ཚོགས་ཆེན་ལ་སྤྲོ་སེམས་འཁོར་བའི་ངང་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་རྒྱ་ཆེའི་བུད་མེད་དང་བུད་མེད་ལས་སྒྲུབ་པར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁོངས་དང་ཨོ་མོན་དམིགས་བསལ་སྲིད་འཛིན་ས་ཁོངས།ཐའེ་ཝན་ས་ཁུལ་གྱི་བུད་མེད་སྤུན་ཟླ། ཕྱི་སྡོད་བུད་མེད་སྤུན་ཟླ་བཅས་ལ་བཀྲ་ཤིས་པའི་སྨོན་ལམ་ཞུས་པ་རེད།

ཏིང་ཞུའེ་ཞང་གིས་ཤིས་ཚིག་ནང་། ཀྲུང་གོའི་བུད་མེད་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག བུད་མེད་དུང་ཕྱུར་གྱིས་དབུལ་བྲལ་འགག་སྒྲོལ་ཁྲོད་དཀའ་སྤྱད་སྡུག་རུས་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱི་མདུན་གྲས་སུ་དཔའ་ངར་ཆེར་བསྐྱེད། རིམས་འགོག་ཀྱི་གནད་འགག་དུས་སུ་དཔའ་མི་ཞུམ་པས་མདུན་མར་བསྐྱོད་ཅིང་། ཁྱིམ་ཚང་དང་འདུས་ཁུལ་ནང་རང་མོས་སྒོས་འགན་དང་བླངས་བྱེད་པ། བདེ་འཇགས་འཛུགས་བསྐྲུན་ཡུལ་དངོས་སུ་བརྟན་སྲུང་བྱེད་ཅིང་། འགྲན་རྩོད་འགྲན་རའི་ཐོག་གདོང་མཆོང་ཕོད་པ་བཅས་བྱས་པས། བུད་མེད་ཀྱི་ནུས་པ་ཡོངས་སུ་མངོན་ཞིང་བུད་མེད་སྒོ་ཀུན་ནས་འཕེལ་རྒྱས་བྱུང་ཡོད་ཅེས་གསུངས་པ་རེད།

རིམ་པ་ཁག་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་ཀྱི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ཇེ་དྲག་དང་། རྒྱ་ཆེའི་བུད་མེད་རྣམས་ཀྱིས་དུས་རབས་གསར་པར་བྱས་རྗེས་འཇོག་པར་སྐུལ་སློང་། ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་འཛུགས་སྐྱོང་གསར་གཏོད་སྐུལ་འདེད་གཏོང་བ། བློ་གཅིག་སེམས་གཅིག་གིས་དབང་ཆ་སྲུང་སྐྱོང་དང་གཅེས་སྐྱོང་ཞབས་ཞུ་སྒྲུབ་དགོས་ལ། རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ཡག་པོ་བྱེད་པ་དང་། མུ་མཐུད་དེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅོས་སྒྱུར་ཟབ་སྤེལ་དང་། ཆབ་སྲིད་ནུས་པ་དང་སྔོན་ཐོན་ནུས་པ། མང་ཚོགས་ནུས་པ་རྒྱུན་ཆད་མེད་པར་ཇེ་དྲག་བཏང་ནས། ཏང་གིས་སྲིད་འཛིན་ཇེ་བརྟན་གཏོང་བའི་མང་ཚོགས་ཀྱི་རྨང་གཞི་ལ་ནུས་པ་གལ་ཆེན་ཐོན་དགོས། ཏིང་ཞུའེ་ཞང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཀྱིས་ཁྱོན་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་པ་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་ངོ་མཚར་འཆར་འགོད་བཟོས་ནས།དུས་རབས་གསར་པའི་རྒྱང་སྐྱོད་གསར་པའི་ཐོག་ཏང་གི་ལྟེ་བའི་ལས་འགན་གཏན་འབེབས་བྱས་ཡོད་པས། རྒྱ་ཆེའི་བུད་མེད་ཏང་དང་བློ་སེམས་གཅིག་པ་དང་། ཏང་གི་རྗེས་འབྲངས་ནས་མདུན་དུ་སྐྱོད་པ། དགོངས་པ་གསར་པ་ལག་ལེན་བསྟར་སྐབས་བུད་མེད་མཛངས་མའི་དད་མོས་ཇེ་བརྟན་བཏང་ནས། རྒྱང་སྐྱོད་གསར་པར་མདུན་སྐྱོད་ཁྲོད་བུད་མེད་མཛངས་མའི་གོ་ཆོད་པ། དར་སྲོལ་གསར་པར་སྣེ་ཁྲིད་སྐབས་བུད་མེད་མཛངས་མའི་ནུས་པ་ཐོན་དགོས་ལ། ཡུལ་ཁམས་གསར་པ་མཐོར་འདེགས་གཏོང་སྐབས་བུད་མེད་མཛངས་མའི་མི་ཚེ་དོན་སྙིང་ལྡན་དུ་འཇུག་དགོས་པར་མ་ཟད། ལོ་རྒྱུས་ཀྱི་རང་རྟོགས་སྔར་ལས་ཆེན་པོ་དང་དཔའ་ངར་ཆེར་བསྐྱེད་ཀྱི་སྙིང་སྟོབས་ཀྱིས་རྒྱང་སྐྱོད་གསར་པའི་ཐོག་བུད་མེད་ཀྱི་ལེའུ་ངོ་མཚར་རྩོམ་དགོས། རིམ་པ་ཁག་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མང་ཚོགས་ཚོགས་པའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པ་དང་། སྣེ་ཁྲིད་དང་ཞབས་ཞུ། འབྲེལ་བ་བཅས་ཀྱི་འགན་ནུས་ཡང་དག་བསྒྲུབས་ནས་ཏང་གི་བྱ་གཞག་ལ་བུད་མེད་མཛངས་མའི་སྟོབས་ཤུགས་དང་བློ་གྲོས་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས། ཀྲུང་ཧྭའི་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཞུས་ལུའོ་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་། ཀྲུང་གོ་གུང་ཁྲན་རིང་ལུགས་ཀྱི་གུང་གཞོན་ཚོགས་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་། ཀྲུང་གོའི་ཚན་རིག་ལག་རྩལ་མཐུན་ཚོགས། ཀྲུང་ཧྭའི་རྒྱལ་ཡོངས་རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མི་ལྷན་ཚོགས། ཀྲུང་ཧྭ་རྒྱལ་ཡོངས་ཐེ་ཝན་སྤུན་ཟླའི་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་ལ་ཤིས་ཚིག་ཕུལ།

ཤིས་ཚིག་གི་ནང་དུ་རྒྱང་སྐྱོད་གསར་པའི་ཐོག མང་ཚོགས་ཚོགས་པ་རྩ་འཛུགས་ཀྱིས་ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་ཇེ་དྲག་གཏོང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློ་གཅིག་བསྡུས་རྒྱུན་འཁྱོངས་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མང་ཚོགས་ཚོགས་པ་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་པ་རྒྱུན་འཁྱོངས་བྱས་ནས་རླབས་ཆེན་འབད་བརྩོན་གསར་པས་མང་ཚོགས་ཚོགས་པའི་བྱ་གཞག་འཕེལ་རྒྱས་ཆེན་པོ་གཏོང་དགོས་ཞེས་བསྟན། ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཧོང་ཞའོ་ཝེ་ཡིས་ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཅུ་གཉིས་པའི་ལག་བསྟར་ཨུ་ལྷན་གྱི་ཚབ་བྱས་ནས། ཁ་བྱང་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་སྟོན་བྱས་ནས་རྒྱ་ཆེ་བའི་བུད་མེད་ལ་སྐུལ་སློང་དང་སྣེ་ཁྲིད་དེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་ཡོང་བར་མཐུན་སྒྲིལ་འབད་བརྩོན་བྱེད་དགོས་ཞེས་པའི་སྙན་ཞུ་ཕུལ། སྙན་ཞུ་ལ་དོན་ཚན་ལྔ་དབྱེ་ཡོད་དེ། བློ་བརྟན་འགྱུར་མེད་ཀྱིས་ཏང་དང་མཉམ་དུ་འབད་བརྩོན་བྱེད་པའི་ཀྲུང་གོའི་བུད་མེད་དང་བུད་མེད་མཉམ་འབྲེལ་རྩ་འཛུགས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཀྲུང་གོའི་བུད་མེད་བྱ་གཞག་གི་རྒྱང་སྐྱོད་གསར་པར་མཛུབ་སྟོན་བྱེད་པ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་ལ་བུད་མེད་ཀྱི་འགན་འཁྲི་ཁུར་བ། རྒྱང་སྐྱོད་གསར་པའི་ཐོག བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀ་འཕེལ་རྒྱས་སྤུས་ཚད་མཐོན་པོར་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བླང་བྱ་དང་མཐུན་པའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་འཛུགས་སྐྱོང་བྱེད་པ་བཅས་རེད། ཚོགས་ཆེན་ཐོག་ཡིག་ཐོག་ནས་འཐུས་མི་རྣམས་ལ་ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་སྲོལ་དག་བཅོས་འཆར་ཟིན་གྱི་མ་ཟིན་དེ་འཐུས་མི་རྣམས་ལ་གྲོས་ཞིབ་ཏུ་ཕུལ། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་གྱི་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྲོས་ཚོགས་ནང་ཞུགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ལས་ཁུངས། མི་དམངས་ཚོགས་པ་ཁག དམག་དཔུང་འབྲེལ་ཡོད་ལས་ཁུངས་དང་། པེ་ཅིན་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་པ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་སྐུ་ཚབ། པེ་ཅིན་དུ་ཡོད་པའི་པུའུ་རིམ་པའི་བུད་མེད་འགོ་ཁྲིད་ལས་བྱེད་པ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་རྒན་པ། རྒྱལ་སའི་ལས་རིགས་ཁག་གི་བུད་མེད་སྐུ་ཚབ་བཅས་འགོ་ཚུགས་མཛད་སྒོའི་ནང་ཞུགས།




