ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་མའོ་ཙེ་ཏུང་སྐུ་འཁུངས་ནས་ལོ་བརྒྱ་དང་སུམ་ཅུ་འཁོར་བའི་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས།
| 2023-12-27 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གུང་ཀྲུང་དབྱང་གིས་བཞུགས་མོལ་ཚོགས་འདུ་འཚོགས་ནས། བློ་མཐུན་མའོ་ཙེ་ཏུང་སྐུ་འཁུངས་ནས་ལོ་བརྒྱ་དང་སུམ་ཅུ་འཁོར་བར་དྲན་གསོ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བློ་མཐུན་མའོ་ཙེ་ཏུང་ནི་རླབས་ཆེ་བའི་མར་ཁེ་སི་རིང་ལུགས་པ་དང་རླབས་ཆེ་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ། འཐབ་ཇུས་པ། གཞུང་ལུགས་པ་ཡིན་ལ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་རླབས་ཆེ་བའི་སྲོལ་གཏོད་པ། ཀྲུང་གོ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྱོང་བྱ་གཞག་གི་རླབས་ཆེ་བའི་རྨང་འདིང་པ་པོ། ཉེ་རབས་ཀྱི་ཀྲུང་གོའི་རླབས་ཆེ་བའི་རྒྱལ་གཅེས་པ་དང་མི་རིགས་ཀྱི་དཔའ་བོ། ཏང་གི་རབས་དང་པོའི་འགོ་ཁྲིད་ཚོགས་པའི་སྲོག་ཤིང་། ཀྲུང་གོའི་མི་དམངས་སྣེ་ཁྲིད་དེ་རང་ཉིད་ཀྱི་ལས་དབང་དང་རྒྱལ་ཁབ་ཀྱི་རྣམ་པ་མཐའ་གཅིག་ཏུ་བསྒྱུར་བའི་མི་སྣ་རླབས་ཆེན། འཛམ་གླིང་གི་གཉའ་གནོན་ཐེབས་པའི་མི་རིགས་བཅིངས་འགྲོལ་གཏོང་མཁན་དང་མིའི་རིགས་ཀྱི་ཡར་རྒྱས་བྱ་གཞག་ཐད་ལ་བྱས་རྗེས་ཆེན་པོ་བཞག་པའི་རླབས་ཆེ་བའི་རྒྱལ་སྤྱིའི་རིང་ལུགས་པ་བཅས་རེད། མའོ་ཙེ་ཏུང་གི་དགོངས་པ་ནི་ང་ཚོའི་ཏང་གི་བསམ་པའི་རྒྱུ་ནོར་རྩ་ཆེན་ཡིན་པས། དུས་ཡུན་རིང་པོར་ང་ཚོའི་བྱ་སྤྱོད་ལ་མཛུབ་སྟོན་གནང་རྒྱུ་རེད། བློ་མཐུན་མའོ་ཙེ་ཏུང་ལ་དྲན་གསོ་ཆེས་བཟང་ཤོས་ཤིག་དེ་ཁོང་གིས་གཏོད་པའི་བྱ་གཞག་མུ་མཐུད་དེ་ཡར་རྒྱས་གཏོང་རྒྱུ་དེ་ཡིན་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཏིང་ཞུའེ་ཞང་། ལི་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཚའེ་ཆི་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་།
ཞི་ཅིན་ཕིང་གིས་གསུང་བཤད་ནང་། བློ་མཐུན་མའོ་ཙེ་ཏུང་གིས་མི་ཚེ་ཧྲིལ་པོར་རྒྱལ་ཁབ་སྟོབས་འབྱོར་དང་མི་རིགས་བསྐྱར་དར། མི་དམངས་བདེ་སྐྱིད་ཆེད་དུ་འབད་པ་ལྷོད་མེད་བྱས་ཡོད་ལ། ཁོང་གིས་མི་དམངས་སྣེ་ཁྲིད་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་ལོ་རྒྱུས་འཕེལ་རིམ་གསར་བསྐྲུན་དང་། རླབས་ཆེན་ཞིང་གཟི་བརྗིད་ལྡན་པའི་ཡང་དག་པའི་ཀྲུང་གོ་གུང་ཁྲན་ཏང་བཙུགས་པ། མི་དམངས་རང་ཁྱིམ་རང་བདག་གི་ཀྲུང་གོ་གསར་པ་བཙུགས་པ། སྔོན་ཐོན་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་བཙུགས་པ། འཐབ་ན་མི་ཕམ་པའི་མི་དམངས་དམག་དཔུང་བཙུགས་ནས། ཀྲུང་ཧྭ་མི་རིགས་དང་ཀྲུང་གོ་མི་དམངས་ལ་གསུབ་ཐབས་མེད་པའི་ལོ་རྒྱུས་བྱས་རྗེས་བཞག་ཡོད་ཅིང་བསྐལ་བརྒྱར་ཕན་པའི་བྱས་རྗེས་ཆེན་པོ་བཞག་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས། བློ་མཐུན་མའོ་ཙེ་ཏུང་གི་རང་གི་མི་ཚེ་གང་བོ་ཏང་དང་མི་དམངས་ལ་ཕུལ་ནས། རྗེས་རབས་པར་བླ་ན་མེད་པའི་སྙིང་སྟོབས་ཀྱི་མིག་དཔེ་བཞག་ཡོད། བློ་མཐུན་མའོ་ཙེ་ཏུང་གི་ཚེ་གང་བོ་ལས་རླབས་ཆེན་གསར་བརྗེ་གཙོ་འཛིན་གྱི་མིག་རྒྱང་རིང་པོའི་ཆབ་སྲིད་ལངས་ཕྱོགས་དང་། བློ་བརྟན་འགྱུར་མེད་ཀྱི་གསར་བརྗེ་འདུ་ཤེས། གསར་གཏོད་ཕོད་པའི་སྤོབས་པ་ཆེན་པོ། དཔའ་ངར་འཐབ་རྩོད་ཀྱི་སྒྱུ་རྩལ་ལ་མངོན་པར་བྱང་བ། རྨད་དུ་བྱུང་ཞིང་མངོན་པར་འཕགས་པའི་དབུ་ཁྲིད་པའི་འཇོན་ཐང་ལྡན་པ། མི་དམངས་སེམས་ལ་བཅངས་པའི་ལྷག་བསམ་བཟང་པོ། བློ་དང་རིག་པའི་གདེང་རྙེད་པའི་ཐུགས་དཀྱེལ་ཆེ། དཀའ་སྤྱད་སྡུག་རུས་ཀྱི་མཛད་སྤྱོད་བཟང་པོ་ལྡན་པས། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་སྤྱི་བོར་བཀུར་ཞིང་། བློ་མཐུན་མའོ་ཙེ་ཏུང་གི་བླ་མེད་སྙིང་སྟོབས་ཀྱིས་ནམ་ཡང་ང་ཚོ་ལ་མུ་མཐུད་དུ་འབད་པ་བྱེད་པའི་སྟོབས་ཤུགས་ཆེན་པོར་གྱུར་ཡོད་ཅེས་ནན་གསུང་གནང་།

ཞི་ཅིན་ཕིང་གིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་རྒྱུ་དེ་ནི་ཏང་ཡོངས་དང་མི་རིགས་ཁག་གི་མི་དམངས་ཀྱིས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ལས་འགན་གཙོ་བོ་ཡིན་ལ། མའོ་ཙེ་ཏུང་སོགས་རྒན་རབས་གསར་བརྗེ་པའི་རླབས་ཆེན་བྱ་གཞག་དང་། དེང་རབས་ཀྲུང་གོ་གུང་ཁྲན་ཏང་མིའི་ལོ་རྒྱུས་འགན་འཁྲི་ཆེན་པོའང་ཡིན།རྒྱང་སྐྱོད་གསར་པའི་ཐོག ང་ཚོས་དམ་བཅའ་ཡིད་ལ་བཟུང་བ་དང་འགན་འཁྲི་ཕྲག་ཏུ་འཁུར་བ། ལོ་རྒྱུས་ཡིད་ཆེས་བརྟན་པོ་དང་ལོ་རྒྱུས་ཁ་ལོ་བསྒྱུར་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རླབས་ཆེན་བྱ་གཞག་གོང་ནས་གོང་དུ་སྤེལ་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོའི་མི་དམངས་ཡོངས་ཀྱི་བྱ་གཞག་ཡིན་པས་ངེས་པར་དུ་མི་དམངས་ལ་བརྟེན་དགོས་ལ། མི་དམངས་རྣམས་ཀྱི་ཟད་པ་མེད་པའི་བློ་རིག་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། མི་དམངས་ཡོངས་ཀྱི་ལོ་རྒྱུས་རང་རྟོགས་ཀྱི་སྙིང་སྟོབས་སྐུལ་སློང་ཡག་པོ་བྱེད་དགོས། མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་པའི་རྩ་བའི་སྒུལ་ཤུགས་ཀྱི་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་གཞི་རྩའི་ལྟ་བ་རྒྱུན་འཁྱོངས་པ་དང་། མི་དམངས་ཀྱི་གཙོ་བདག་གི་གོ་གནས་རྒྱུན་འཁྱོངས། རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་དང་མངོན་འགྱུར། འཕེལ་རྒྱས་ཡག་མོ་གཏོང་བ་བཅས་ནི་ལས་ཀ་ཡོད་ཚད་ཀྱི་འགོ་འཛུགས་ས་དང་རྐང་ཚུགས་ས་བྱས་ནས། དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་གྲུབ་འབྲས་དེས་མི་དམངས་ཡོངས་ལ་ཕན་སྔ་ལས་མང་ཞིང་འདྲ་མཉམ་ཐོགས་འཇུག་དགོས། མི་དམངས་རང་ཁྱིམ་རང་བདག་གི་ལམ་ལུགས་ནང་རྐྱེན་འཐུས་ཚང་གཏོང་བ་དང་། སྤྱི་ཚོགས་དྲང་བདེན་དྲང་གཞག་གི་ལམ་ལུགས་ནང་རྐྱེན་འཐུས་ཚང་དང་སྲུང་སྐྱོང་བྱེད་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་གང་ཐུབ། དུས་རབས་གསར་པའི་ནང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་དང་། མི་དམངས་མང་ཚོགས་བར་གྱི་འོ་ཆུ་ལྟ་བུའི་འབྲེལ་བ་རྒྱུན་འཁྱོུངས། ནམ་ཡང་མི་དམངས་ཀྱི་སྐྱོན་བརྗོད་དང་ལྟ་སྐུལ་དང་ལེན། དུས་ནམ་ཡང་མི་དམངས་དང་དཀའ་སྡུག་མཉམ་མྱོང་དང་ལས་དབང་གཅིག་མཐུན་ཡིད་སེམས་མཐུན་པར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྟོབས་ཤུགས་ཀྱི་འབྱུང་ཁུངས་བརྟན་ཞིང་གཏིང་ཟབ་ལ་ཕུགས་ཡུན་རིང་བོར་བྱ་དགོས་ཞེས་ནན་གསུང་གནང་།
ཞི་ཅིན་ཕིང་གིས་འགྱར་འགྱུར་མེད་ཅིང་དུས་དང་བསྟུན་ནས་མར་ཁེ་སི་རིང་ལུགས་འཕེལ་རྒྱས་དང་། ལག་ལེན་གཞིར་བཞག་ནས་རིགས་གཞུང་གསར་གཏོད་བྱེད་པ་དང་། ཀྲུང་གོའི་ལུགས་དང་དུས་རབས་ཅན་གྱི་མར་ཁེ་སི་རིང་ལུགས་ཀྱིས་ལག་ལེན་གསར་པར་མཛུབ་སྟོན་བྱེད་པ་ནི། ང་ཚོ་ཏང་གིས་ལོ་རྒྱུས་རང་རྟོགས་གདེང་རྙེད་པ་དང་། དུས་རབས་ཀྱི་རྗེས་སུ་འབྲངས་བ། མུ་མཐུད་དུ་བྱ་གཞག་གསར་གཏོད་འཕེལ་རྒྱས་གཏོང་བའི་རྒྱལ་ཁའི་ལམ་བུ་ཡིན། ལག་ལེན་ལ་ཟད་པ་མེད་ལ། རིགས་གཞུང་གསར་གཏོད་ལ་རྫོགས་རྒྱུ་མེད། བདེན་དོན་ངོས་འཛིན་རྒྱུན་ཆད་རྒྱུ་མེད་པས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་རྣམ་པ་གསར་པ་རྒྱུན་མི་ཆད་པར་གཏོད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཏང་གི་རིག་གཞུང་གསར་གཏོད་ལ་མདུན་ལྗོངས་རྒྱ་ཆེན་གཏོད་ཡོད་ལ། སྔ་ལས་དཀའ་ཞིང་རྙོག་དྲ་ཆེ་བའི་ལས་འགན་གསར་པ་ཕྲག་ཏུ་བབས་ཡོད། མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་གནས་ལུགས་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་རྒྱུན་འཁྱོངས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཆོས་ཉིད་འཚོལ་ཞིབ་ཟབ་མོ། ལག་ལེན་བཟོ་དུས་ཀྱི་དྲི་བ་གསར་པར་ལན་འདེབས་པ་དང་། རིགས་གཞུང་གསར་གཏོད་ཀྱིས་ལག་ལེན་གསར་གཏོད་ལ་སྣེ་ཁྲིད་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། བཅོས་སྒྱུར་སྒོ་འབྱེད་ནི་དེང་རབས་ཀྱི་ཀྲུང་གོ་དུས་རབས་ཀྱི་རྗེས་སུ་ཆོད་པའི་གོམ་པ་གལ་ཆེན་དེ་ཡིན་ལ། ཀྲུང་གོའི་དེང་རབས་ཅན་འགྲུབ་ཐུབ་མིན་གྱི་འགག་རྩ་ཡང་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་བསྒྱུར་དགོས་ན། ངེས་པར་དུ་ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་དང་། སྤྱི་ཚོགས་རིང་ལུགས་ཐོན་སྐྱེད་ནུས་ཤུགས་བཅིང་འགྲོལ་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་ནུས་ཤུགས་བཅིང་འགྲོལ་དང་ཇེ་ཆེར་གཏོང་དགོས། དུས་རབས་ཀྱི་འཕེལ་འགྲོས་གསར་པ་དང་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་ལག་ལེན། མི་དམངས་མང་ཚོགས་ཀྱི་འདུན་པ་གསར་པ་བཅས་དང་བསྟུན་དགོས་པ་དང་། བཅོས་སྒྱུར་མཐའ་གཅིག་བྱེད་པའི་ཆོད་སེམས་བརྟན་པོ་ཡོད་པ། དོན་དངོས་སྒྲུབ་པ། དཀའ་ལས་ལ་གདོང་གཏད་ཕོད་དགོས། ཤུགས་ཐད་ཀར་བུད་ཅིང་མཉམ་དུ་འབད་པ་དང་རྒྱུན་མཐུད་འབད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཐོགས་པར་མེད་པའི་ལམ་ལུགས་ནང་རྐྱེན་གྱི་བཀག་རྒྱ་ཡོངས་སུ་སེལ་བ་དང་། ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྟོབས་ཤུགས་གསར་པ་རྒྱུན་མ་ཆད་པར་བསྐྲུན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ཁོར་ཡུག་གཏོད་དགོས་ཞེས་ནན་གསུང་གནང་།
ཞི་ཅིན་ཕིང་གིས། ཀྲུང་གོའི་ལུགས་ཀྱི་དེབ་རབས་ཅན་ནི་ཀྲུང་གོ་གུང་ཁྲུན་ཏང་གི་དབུ་ཁྲིད་མཛད་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་འཕྲད་པའི་དཀའ་ཁག་སེལ་བའི་རིག་པ་གསལ་པོ་དང་ཆོད་སེམས་བརྟན་པོ་བཅངས་ནས། ཏང་སྔར་ལས་སྟོབས་ཤུགས་ལྡན་པར་འཛུགས་སྐྱོང་བྱེད་ན། ད་གཟོད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དཀའ་ཁག་བསལ་ནས་རིང་ནས་རིང་དུ་བསྐྱོད་ཐུབ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་བླང་བྱ་ལག་བསྟར་བྱེད་དགོས་ན། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་ཏང་འཛུགས་སྐྱོང་ལས་ཀ་ཁག་སྣེ་ཁྲིད་པ་དང་། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་མ་ལག་འཛུགས་པ། ཏང་གི་རང་ཉིད་གཅུན་པ་དང་རང་ཉིད་འཐུས་ཚང་བ། རང་ཉིད་གསར་བརྗེ། རང་ཉིད་མཐོར་འདེགས་ཁྱོན་ཡོངས་ནས་གཏོང་བ། གཞི་གཅིག་ཏུ་རུལ་སུངས་མི་ཕོད་པ་དང་རུལ་སུངས་མི་ཆོག་པ། རུལ་སུངས་མི་འདོད་པ་བཅས་རྒྱུན་འཁྱོངས། ང་ཚོའི་ཏང་གི་ཐོག་མའི་འགན་སེམས་བརྟན་པོས་དུས་རབས་ཀྱི་མདུན་དུ་བསྐྱོད་པ། ཐོག་མཐའ་བར་གསུམ་དུ་གསོན་ཤུགས་དང་ནུས་ཤུགས་རྒྱས་པར་བྱས་ནས། ང་ཚོའི་ཏང་དུས་དང་རྣམ་པ་ཀུན་ཏུ་ངོ་བོ་དང་རྣམ་པར་མི་འགྱུར་བར་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཀྲུང་ཧྭ་བུ་དང་བུ་མོ་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་དང་དཀའ་སྤྱད་འབད་འབུངས་བྱེད་པའི་མཛད་པ་ཆེན་པོ་་ཞིག་ཡིན། ཁྱོན་ཡོངས་དང་ཡང་དག་པ། བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་། ཞང་ཀང་བས་ཞང་ཀང་བཅོས་སྐྱོང་། ཨོ་མེན་བས་ཨོ་མེན་བཅོས་སྐྱོང་། ཚད་མཐོའི་རང་སྐྱོང་བྱེད་ཕྱོགས་བཅས་རྒྱུན་འཁྱོངས། ཁྲིམས་ལྟར་ཞང་ཀང་དང་ཨོ་མེན་སྐྱོང་བ་རྒྱུན་འཁྱོངས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བ། ཀྲུང་དབྱང་གིས་ཁྱོན་ཡོངས་ནས་དོ་དམ་བཅོས་སྐྱོང་དབང་ཆ་ལག་བསྟར། རྒྱལ་གཅེས་པས་ཞང་ཀང་སྐྱོང་བ་དང་རྒྱལ་གཅེས་པས་ཨོ་མེན་སྐྱོང་བའི་རྩ་དོན་ལག་བསྟར་བཅས་བྱས་ནས། ཀྲུང་དབྱང་གིས་ཁྱོན་ཡོངས་ནས་དོ་དམ་བཅོས་སྐྱོང་བྱེད་དབང་རྒྱུན་འཁྱོངས་དང་དམིགས་བསལ་སྲིད་འཛིན་ས་ཁོངས་ཀྱི་རང་སྐྱོང་བྱེད་དབང་གཅིག་གྱུར་ཡོང་བར་བྱེད་དགོས། ཞང་ཀང་དང་ཨོ་མེན་གྱི་དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་ཡོང་བར་རྒྱབ་སྐྱོར་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་འགལ་བ་དང་གནད་དོན་ཟབ་མོ་ཐག་བཅད་དེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སུ་སྔར་ལས་ཡག་མོ་ཞུགས་འཇུག་དགོས། མེས་རྒྱལ་གཅིག་གྱུར་ཡོང་བ་ནི་ཁ་ཕྱོགས་ཆེན་མོ་དང་བདེན་དོན་གནས་ས། དམངས་སེམས་འཁོར་ས་བཅས་ཡིན་པས། མེས་རྒྱལ་ངེས་པར་དུ་གཅིག་གྱུར་བྱེད་དགོས་ལ་ཅིས་ཀྱང་གཅིག་གྱུར་བྱུང་ངེས་རེད། དུས་རབས་གསར་པར་ཏང་གིས་ཐེ་ཝན་གནད་དོན་ཐག་གཅོད་བྱས་པའི་སྤྱིའི་ཁ་ཕྱོགས་ལག་བསྟར་རྒྱུན་འཁྱོངས་དང་། ཀྲུང་གོ་གཅིག་གི་རྩ་དོན་དང་གོ་གཉིས་ལོའི་མཚོ་འགག་ངོགས་གཉིས་ཀྱི་ངོས་འཛིན་གཅིག་མཐུན་རྒྱུན་འཁྱོངས། མཚོ་འགག་ངོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོ་མཉམ་བསྲེས་འཕེལ་རྒྱས་ཟབ་སྤེལ། མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས། མི་གང་རུང་དང་བྱེད་ཐབས་གང་གིས་ཀྱང་ཐེ་ཝན་ཀྲུང་གོ་ནས་ཁ་བྲལ་གཏོང་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བས་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་སྐྱོད་པའི་དེང་རབས་ཅན་ཡིན་པས། ཀྲུང་གོའི་མི་དམངས་ལ་ཕན་ཐོགས་པར་མ་ཟད་འཛམ་གླིང་རྒྱལ་ཁབ་ཁག་དེང་རབས་ཅན་ལ་ཡང་ཕན་ཐོགས། ང་ཚོ་ལོ་རྒྱུས་ཀྱི་ཡང་དག་པའི་ཁ་ཕྱོགས་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་རྒྱས་འགྲོ་བའི་ཕྱོགས་སུ་ལངས་ནས། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེང་བ། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ། འཛམ་གླིང་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་བེ་འཇགས་གྲོས་འགོ། འཛམ་གླིང་དཔལ་ཡོན་གྲོས་འགོ་བཅས་ལག་བསྟར་བྱས་ནས། ཡུན་རིང་ཞི་བདེ་དང་ཡོངས་སུ་བདེ་འཇགས། མཉམ་དུ་དར་རྒྱས། སྒོ་འབྱེད་གུ་ཡངས། གཙང་ཞིང་མཛེས་པའི་འཛམ་གླིང་འཛུགས་སྐྲུན་བྱེད་དགོས། ང་ཚོས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་ལ་རྦད་དེ་སྲུང་སྐྱོང་བྱེད་པ་དང་། དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བའི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོང་། གཉིས་ཁེ་མཉམ་ཕན་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ནས། གོ་ལ་ཧྲིལ་པོ་བཅོས་སྐྱོང་འཕོ་འགྱུར་སྔར་ལས་དྲང་བདེན་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་གཏོང་དགོས། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་ཞི་བདེའི་སྟོབས་ཤུགས་ཀྱི་འཕར་སྣོན་དུ་གྱུར་ཡོད་པས། འཕེལ་རྒྱས་ཅི་འདྲ་བྱུང་རུང་། ཀྲུང་གོས་ནམ་ཡང་བཙན་ཤེད་མི་བྱ་ལ་རྒྱ་བསྐྱེད་གཏན་གཏོང་མི་སྲིད་ཅེས་ནན་གྱིས་གསུངས།
ཚའེ་ཆི་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་བློ་མཐུན་མའོ་ཙེ་ཏུང་གིས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་གྱི་རླབས་ཆེན་ལག་ལེན་ལ་དབུ་ཁྲིད་གནང་བར་རྗེས་དྲན་གནང་བ་དང་། བློ་མཐུན་མའོ་ཙེ་ཏུང་གིས་ཀྲུང་ཧྭ་མི་རིགས་དང་ཀྲུང་གོ་མི་དམངས་ལ་རླབས་ཆེན་བྱས་རྗེས་བཞག་པར་གདེང་འཇོག་གང་ལེགས་གནང་ཡོད། བློ་མཐུན་མའོ་ཙེ་ཏུང་གི་བླ་ན་མེད་པའི་སྙིང་སྟོབས་དཔེ་བཟང་ནི་ང་ཚོས་མུ་མཐུད་དེ་མདུན་དུ་སྐྱོད་པའི་སྐུལ་མ་ཆེན་པོ་ཡིན་པས། བྱ་སྤྱོད་དངོས་པོ་སྤེལ་ནས་བློ་མཐུན་མའོ་ཙེ་ཏུང་ལ་དྲན་གསོ་ཞུ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རླབས་ཆེན་བྱ་གཞག་ལ་བླང་བྱ་གསལ་པོ་བཏོན་ཡོད་ཅེས་ནན་གསུང་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་མིག་རྒྱང་རིང་ཞིང་ཐུགས་དགོངས་ཟབ་པས། ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་སྟོན་ནུས་པ་ལྡན་པས། ང་ཚོའི་ཏང་གིས་བློ་མཐུན་མའོ་ཙེ་ཏུང་སོགས་གསར་བརྗེ་རྒན་རབས་པས་བཏོད་པའི་བྱ་གཞག་མུ་མཐུད་དེ་སྤེལ་བར་མཛུབ་སྟོན་གནང་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་སྐྱོད་པ་རྒྱུན་འཁྱོངས་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བཀོད་པ་གསར་པ་བཏོད་པར་དོན་སྙིང་གལ་ཆེན་ལྡན་པས། ང་ཚོས་སློབ་སྦྱོང་ནན་པོ་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་རླབས་ཆེན་བྱ་གཞག་ཆེད་དུ་མཐུན་སྒྲིལ་འབད་བརྩོན་བྱེད་དགོས་ཞེས་གསུངས་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག་ཏུ་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་ཞིབ་འཇུག་ཁང་གི་འགོ་འཛིན་ཆུས་ཆིང་ཧྲན་དང་ཀྲུང་དབྱང་དམག་ཨུའི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ་ཡི་འགོ་འཛིན་མིའོ་ཧྭ། ཧུའུ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧྲེང་ཞའོ་མིང་གིས་སྔ་རྗེས་སུ་གཏམ་བཤད་པ་རེད།
པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅིའི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་བཞུགས་མོལ་ཚོགས་འདུའི་ནང་ཞུགས་པ་རེད།
ཀྲུང་དབྱང་གི་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་ལས་ཁུངས་དང་པེ་ཅིན་གྲོང་ཁྱེར། ཧུའུ་ནན་ཞིང་ཆེན་ཏང་ཨུའི་འགན་འཁུར་བློ་མཐུན་དང་། དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་པ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་སྐུ་ཚབ། བློ་མཐུན་མའོ་ཙེ་ཏུང་གི་གཉེན་ཉེ་དང་དེ་སྔོན་གྱི་སྐུ་བཅར་ལས་སྒྲུབ་པ་དང་ཕ་ཡུལ་བའི་སྐུ་ཚབ། དེ་མིན་རྒྱལ་ཡོངས་ཀྱི་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་ངོ་བརྒྱ་དང་སུམ་ཅུ་འཁོར་བའི་རིག་གཞུང་ཞིབ་འཇུག་བགྲོ་གླེང་ཚོགས་འདུའི་ནང་ཞུགས་པའི་སྐུ་ཚབ་སོགས་བཞུགས་མོལ་ཚོགས་འདུ་ནང་ཞུགས་པ་རེད།
བཞུགས་མོལ་ཚོགས་འདུ་མ་འཚོག་གོང་། ཞི་ཅིན་ཕིང་དང་ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་འགོ་ཁྲིད་བློ་མཐུན་རྣམས་མའོ་ཙེ་ཏུང་གི་དྲན་གསོ་ཁང་དུ་ཕེབས་པ་རེད། ཚོམས་ཆེན་བྱང་མའི་ནང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་གྱི་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ། དམངས་གཙོའི་ཏང་ཤོག་ཁག་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་རྒྱལ་གཅེས་མི་སྣ་བཅས་ཀྱིས་བློ་མཐུན་མའོ་ཙེ་ཏུང་བཞུགས་སྟེགས་སྔོན་དུ་མེ་ཏོག་སི་ར་ཕུལ་བ་རེད། ཞི་ཅིན་ཕིང་སོགས་ཀྱིས་བློ་མཐུན་མའོ་ཙེ་ཏུང་གི་བཞུགས་སྐུ་ལ་གུས་འདུད་ཐེངས་གསུམ་ཕུལ་ནས། གུས་མཇལ་ཁང་དུ་བློ་མཐུན་མའོ་ཙེ་ཏུང་གི་སྐུ་གདུང་ལ་གུས་མཇལ་གནང་བ་རེད།




