མཛོད་དགེ་རྫོང་གི་2024ལོའི་བྱིས་གཉོར་དགེ་རྒན་གྱི་སློབ་ཁྲིད་རྩལ་ནུས་འགྲན་བསྡུར་ཆེན་མོ་མཇུག་སྒྲིལ།
| 2024-05-19 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ལང་ཚོའི་དུས་བཟང་དམ་འཛིན་གྱིས་སློབ་གསོའི་ལས་ལ་ཧུར་གྱིས་ཞུགས། རྫོང་ཡོངས་ཀྱི་བྱིས་གཉོར་དགེ་རྒན་གྱི་ཆེད་ལས་ནུས་པ་དང་ཕྱོགས་བསྡུས་བྱང་ཚད། སློབ་སྔོན་སློབ་གསོའི་སྤུས་ཚད་བཅས་ཇེ་ལེགས་སུ་བཏང་སྟེ། བྱིས་གཉོར་དགེ་རྒན་གྱི་སྤྱོད་བཟང་ཉམས་འགྱུར་གང་ལེགས་མངོན་ནས། སློབ་ཞུགས་སྔོན་གྱི་སྤྱི་སྐད་སློབ་སྦྱོང་འཆར་གཞི་2.0ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར། མཛོད་དགེ་རྫོང་གི་2024ལོའི་བྱིས་གཉོར་དགེ་རྒན་གྱི་སློབ་ཁྲིད་རྩལ་ནུས་འགྲན་བསྡུར་ཆེན་པོ་མཇུག་སྒྲིལ། རྫོང་ཡོངས་ཀྱི་བྱིས་གཉོར་དགེ་རྒན་300ལྷག་འགྲན་བསྡུར་ནང་ཞུགས།
ཚན་རིག་གི་གསང་བ་སྤྲོ་བས་འཚོལ།
ཐེངས་འདིའི་འགྲན་བསྡུར་དུ་བྱིས་པའི་སློབ་གསོའི་ཁྱབ་ཁོངས་ཆེན་པོ་ལྔའི་ཁྲོད་ཀྱི་ཚན་རིག་་ལ་དམིགས་ནས་འགྲེམ་སྟོན་སློབ་ཁྲིད་བྱེད་སྒོ་སྤེལ། འགྲན་ཞུགས་དགེ་རྒན་གྱིས་ཚན་རིག་ཁྱབ་ཁོངས་ཀྱི་ལྟེ་བའི་བྱང་ཚད་ལ་གཞིགས་ནས་སློབ་ཁྲིད་ཀྱི་ནང་དོན་གདམ། སྨྱོན་སྦྱོར་སློབ་ཆས་དང་ཚོད་ལྟའི་ཡོ་བྱད་ཐབས་མཁས་ངང་སྤྱད་དེ། སྣ་མང་ཕུན་སུམ་ཚོགས་ལ་གསོན་ཉམས་ལྡན་པ། སྤྲོ་སྣང་འཕེལ་བའི་སྐད་ཆའི་ལམ་ནས་སློབ་ཁྲིད་བྱས་པར་བྱིས་པའི་སློབ་སྦྱོང་གི་སྤྲོ་སྣང་དང་ཤེས་འདོད་ཀྱི་བསམ་པ་འཕེལ་བར་བྱས།
ངོ་མཚར་གཏམ་རྒྱུད་བརྗོད་པ།
གཏམ་རྒྱུད་བཤད་སྐབས་དགེ་རྒན་རྣམས་ཀྱིས་སྤྲོ་བ་འཕེལ་བའི་སྐད་ཆ་དང་ཉམས་དོད་པའི་འགུལ་སྟངས། འཁྲབ་ཆས་སྣ་མང་སྤྱད་དེ་གཏམ་རྒྱུད་ཀྱི་བརྗོད་དོན་བྱིས་པའི་འཆར་སྒོར་ལེགས་པར་མངོན།
རིག་རྩལ་འཁྲབ་སྟོན་གྱི་རྩལ་ངོམ་པ།

རིག་རྩལ་འཁྲབ་སྟོན་ངོམ་པའི་དུས་སུ་དགེ་རྒན་རྣམས་ཀྱིས་གླུ་ལེན་གར་རྩེད་བྱས་ཏེ་བྱིས་གཉོར་དགེ་རྒན་གྱི་ལང་ཚོའི་དཔལ་ཡོན་དང་དུས་རབས་གསར་པའི་དགེ་རྒན་གྱི་བྱང་ཚད་ལེགས་པོ་མངོན། གར་གྱི་སྟངས་སྟབས་ལེགས་ལ་གཞས་ཀྱི་གདངས་དབྱངས་སྙན། འདི་ནི་བྱིས་གཉོར་ཁང་གི་དགེ་རྒན་གྱི་མཛེས་ཉམས་ཡིན་ལ་ཕུགས་འདུན་སྙེག་པའི་ལམ་བུའི་སྟེང་གི་མཛེས་ལྗོངས་ཤིག་ཀྱང་ཡིན།

ཆུ་ཐིགས་བསགས་པའི་རྒྱ་མཚོ་བཞིན། 2022ལོ་ནས་བཟུང་བསྟུད་མར་ལོ་གསུམ་ལ་སློབ་ཁྲིད་རྩལ་ནུས་འགྲན་བསྡུར་ཆེན་མོ་སྤེལ། མཛོད་དགེ་རྫོང་གིས་ལས་མི་ཡོངས་ཞུགས་པ་དང་ཁྱོན་ཡོངས་ནས་འགྲེམ་སྟོན་བྱེད་པ། ཕུལ་བྱུང་འདེམས་པ། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་མཛུབ་ཁྲིད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། དགེ་རྒན་གྱི་ལས་གནས་སྦྱོང་བརྡར་དང་ཆེད་ལས་བྱང་ཚད་མཐོར་འདེགས། རང་རེའི་རྫོང་གི་སློབ་སྔོན་སློབ་གསོའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་དམིགས་ཡུལ་ལེགས་འགྲུབ་བྱུང་། དགེ་རྒན་གྲགས་ཅན་+སྐུལ་ཁྲིད་ནུས་པ་ལེགས་འདོན་གྱི་ཕན་འབྲས་ལེགས་པོ་མངོན། ལོ་གསུམ་གྱི་སྦྱོང་བརྡར་བརྒྱུད་དགེ་རྒན་གསར་རྙིང་གཉིས་ཀྱི་རྩལ་ནུས་ཇེ་ལེགས་སུ་ཕྱིན། རྗེས་ཕྱོགས་མཛོད་དགེ་རྫོང་གིས་རྩལ་ནུས་འགྲན་བསྡུར་གྱི་གོ་སྐབས་དམ་འཛིན་གྱིས་མཐུན་སྦྱོར་འཕེལ་རྒྱས་དང་ཁྱད་ལྡན་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ། དགེ་རྒན་གྲགས་ཅན་དང་སློབ་གྲྭ་གྲགས་ཅན་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་བཏང་ནས། ཕུལ་བྱུང་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱས་ཏེ། རྫོང་ཡོངས་ཀྱི་བྱིས་གཉོར་ཁང་གི་ཕྱི་ནང་གཉིས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།

འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།





