སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་མི་རིགས་རླུང་འཕྲིན་གཏོང་མགོ་ཚུགས་ནས་ལོ་ངོ་༧༠འཁོར་བའི་བགྲོ་གླེང་ཚོགས་འདུ་འཚོགས།
| 2025-11-03 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
སྤྱི་ཟླ་༡༠་པའི་ཚེས་༣༡ཉིན་གྱི་སྔ་དྲོར་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་མི་རིགས་རླུང་འཕྲིན་གཏོང་མགོ་ཚུགས་ནས་ལོ་ངོ་༧༠འཁོར་བའི་བགྲོ་གླེང་ཚོགས་འདུ་༼ ཕུགས་འདུན་གསེར་གྱི་ལྷུན་པོ། འཕྲིན་སྦྱོར་དུས་ཀྱི་གོམ་སྒྲ་༽ཞེས་པ་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ནུས་མང་གྲོས་ཚོགས་ཁང་ནས་གཟབ་རྒྱས་ངང་འཚོགས།


ཐེངས་འདིའི་༼ཕུགས་འདུན་གསེར་གྱི་ལྷུན་པོ། འཕྲིན་སྦྱོར་དུས་ཀྱི་གོམ་སྒྲ་༽ཞེས་པའི་བགྲོ་གླེང་ཚོགས་འདུའི་ཐོག་ཞིང་ཆེན་རིམ་པའི་འབྲེལ་ཡོད་འགོ་ཁྲིད་དང་ལས་རིགས་གཅིག་པའི་ཆེད་མཁས་པ། ལས་འཁྱུར་ངལ་གསོ་བྱས་ཡོད་པའི་ལས་བྱེད་པ་རྒན་པ། སི་ཁྲོན་དང་དང་ཀན་སུའུ། བོད་ལྗོངས། མཚོ་སྔོན། ཡུན་ནན་བཅས་བོད་འབྲེལ་ས་ཁུལ་སོ་སོ་ནས་ཕེབས་པའི་སྤུན་ཟླའི་ལས་ཁུངས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་གསར་འགོད་པ་སོགས་གདན་ཐོག་གཅིག་ལ་འཛོམས་ནས་སི་ཁྲོན་མི་རིགས་རླུང་འཕྲིན་གཏོང་མགོ་ཚུགས་ནས་ལོ་ངོ་༧༠རིང་གི་འཕེལ་རྒྱས་ལམ་བུ་ལ་ཕྱོགས་སྡོམ་དང་ད་ལྟའི་གྲུབ་འབྲས་ལ་གདེང་འཇོག མ་འོངས་པའི་འགན་འཁྲི་ལ་དབྱེ་ཞིབ་བཅས་བརྗོད་གཞི་གཙོ་བོར་བཟུང་སྟེ། མཉམ་དུ་སི་ཁྲོན་མི་རིགས་རླུང་འཕྲིན་གྱི་འདས་ཟིན་པའི་བཤུལ་ལམ་ལ་ཕྱིར་མིག་དང་མ་འོངས་པའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པར་རྒྱང་ལྟ་བྱས་པ་རེད། 


ཚང་མས་སི་ཁྲོན་མི་རིགས་རླུང་འཕྲིན་གྱིས་ཞིང་ཆེན་ཏང་ཨུའི་ཡང་དག་པའི་དབུ་ཁྲིད་དང་། ལས་བཟོ་མི་སྣ་རབ་དང་རིམ་པའི་དཀའ་སྤྱད་འབད་བརྩོན། དེ་མིན་བོད་འབྲེལ་ས་ཁུལ་གྱི་རྒྱ་ཆེའི་གཟིགས་མོ་བ་དང་གསན་མཁན་ལྷན་རྒྱས་ཀྱི་ལྷད་མེད་རྒྱབ་སྐྱོར་བཅས་ལ་བརྟེན་ནས། འདས་པའི་ལོ་ཟླ་རྒྱལ་ཁ་དང་འབྲས་བུས་གཏམས་ཤིང་། མ་འོངས་པའི་ལོ་ཟླ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་སུ་བཅུག་ཡོད་ཅེས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་མཛད་ཡོད།





རྒྱུས་ལོན་བྱུང་བ་ལྟར་ན། འདས་པའི་ལོ་ངོ་བདུན་ཅུ་རིང་ལ། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་མི་རིགས་རླུང་འཕྲིན་ཁང་གིས་ཏང་གི་མི་རིགས་སྲིད་ཇུས་དྲིལ་བསྒྲགས་དང་། བོད་འབྲེལ་ས་ཁུལ་གྱི་བདེ་སྐྱིད་འཚོ་བ་ཁྱབ་བསྒྲགས། མི་རིགས་མཐུན་སྒྲིལ་གྱི་མཛའ་མཐུན་གསེར་ཟམ་བསྐྲུན་པ་བཅས་འགན་འཁྲི་རུ་བཟུང་ཞིང་། རྒྱ་བོད་དབྱི་གསུམ་གྱི་སྐད་ལ་བརྟེན་ནས་ཕུལ་བྱུང་ལེ་ཚན་སྒྲིག་བཟོ་དང་། བརྗོད་དོན་གལ་ཆེན་ཁྱབ་བསྒྲགས་བྱས་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཤིང་། ཁྱད་པར་དུ་ཉེ་བའི་ལོ་ཤས་རིང་ལ་༼འཛམ་གླིང་གེ་སར་རྒྱལ་པོ༽ལྟ་བུའི་ཕུལ་བྱུང་རླུང་འཕྲིན་ཟློས་གར་དང་། ༼སྣང་བའི་ན་བུན༽ལྟ་བུའི་ཕུལ་བྱུང་བརྙན་ཐུང་། ༼འཆི་མེད་རྡོ་རྗེ་༽ལྟ་བུའི་རླུང་འཕྲིན་གསར་འགྱུར་ཕབ་སྐྲུན་དང་སྒྲིག་བཟོ་བྱས་ནས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ལས་གཞི་གལ་ཆེན་དང་གཟེངས་རྟགས་མང་པོ་ཐོབ་པར་མ་ཟད། ཕུལ་བྱུང་སྙན་སྒྲོན་པ་དང་ཕུལ་བྱུང་ལས་སྒྲུབ་པ་རབ་དང་རིམ་པ་ཐོན་ནས་མི་རིགས་རླུང་འཕྲིན་གྱི་རྐང་འཛིན་ཚོགས་པ་ཞིག་གྲུབ་ཡོད་ཅིང་། ད་ལྟ་སི་ཁྲོན་མི་རིགས་རླུང་འཕྲིན་ནི་ནུབ་རྒྱུད་ཀྱི་མི་རིགས་རླུང་འཕྲིན་ཁྲོད་ནས་ཁྱབ་རྒྱ་ཆེས་ཆེ་བ་དང་། རྒྱལ་ཡོངས་ཀྱི་མི་རིགས་རླུང་འཕྲིན་གྱི་ཁྱབ་ཁོངས་ནས་ཤུགས་རྐྱེན་ངེས་ཅན་ལྡན་པའི་རླུང་འཕྲིན་ལས་ཁུངས་ཤིག་ཏུ་གྱུར་ཡོད།
ཐེངས་འདིའི་ཚོགས་འདུ་ཡིས་སི་ཁྲོན་མི་རིགས་རླུང་འཕྲིན་གཏོང་འགོ་ཚུགས་ནས་ལོ་༧༠ལོན་པ་དེ་འགོ་འཛུགས་ས་གསར་པར་བཟུང་ནས་ཚང་མས་ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་འཛིན་པ། མཐུན་སྒྲིལ་འབད་འཐབ་དང་དཔའ་ངར་ཞུམ་མེད་ཀྱིས་མི་རིགས་མཐུན་སྒྲིལ་དང་། ཏང་དང་རྒྱལ་ཁབ་ཀྱི་རླབས་ཆེན་བྱ་གཞག་ལ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བར་འབད་པ་ལྷོད་མེད་བྱ་དགོས་པའི་སྤོབས་པ་དང་ཡིད་ཆེས་བསྩལ་བ་རེད།




