སོ་ཏི་ཨ་རབ་ཀྱིས་ཡེ་མེན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་དམག་དཔུང་ཤར་ལྷོའི་ཞིང་ཆེན་གཉིས་ནས་ཕྱིར་འཐེན་བྱེད་པའི་བླང་བྱ་བཏོན།
| 2025-12-29 来源:ཞིན་ཧྭ་གསར་འགྱུར་དྲ་བ། | 分享: |
ཚེས27ཉིན་གྱི་སྔ་དྲོར། སོ་ཏི་ཨ་རབ་ཀྱི་རྒྱལ་སྲུང་བློན་ཆེན་ཧ་ལི་ཏེ·པིན·ས་ལེ་མན་གྱིས་སྤྱི་ཚོགས་སྨྱན་བྱད་བརྒྱུད་ནས། ཡེ་མེན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་རང་གི་དམག་དཔུང་ཡེ་མེན་ཤར་ལྷོའི་ཧ་ཏེ་ལ་མའོ་ཞིང་ཆེན་དང་མའེ་ཧོ་ལ་ཞིང་ཆེན་གྱི་དམག་དོན་སྒར་ས་ནས་ཕྱིར་འཐེན་བྱེད་དགོས་པར་མ་ཟད། དབང་ཆ་དེ་ཡེ་མེན་སྲིད་འཛིན་མགོ་ཁྲིད་ཨུ་ཡོན་ལྷན་ཁང་གིས་བཙུགས་པའི“མེས་རྒྱལ་གྱི་ཕུབ”དམག་དཔུང་དང་ས་གནས་དབང་འཛིན་ལས་ཁུངས་ལ“ཞི་བའི་ངང་རྩིས་སྤྲོད་”བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཚེས26ཉིན། སོ་ཏི་ཨ་རབ་ཀྱིས་དམག་འཐབ་གནམ་གྲུ་བཏང་ནས་ཧ་ཏེ་ལ་མའོ་ཞིང་ཆེན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁག་གི་འབྲེལ་ཡོད་དམག་དོན་རྟེན་གཞིར་མཁའ་རྒོལ་བྱས་པ་རེད། ཚེས་25ཉིན་གྱི་སྔ་དྲོར་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་པུའུ་ཡིས་བསྟན་དོན། ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་ཡེ་མེན་ལྷོ་ཕྱོགས་ཀྱི་ཞིང་ཆེན་གཉིས་ཀྱི་དམག་དཔུང་གི་བཀོད་སྒྲིག་དེ་“ལུགས་མཐུན་མིན་པའི་རིམ་སྤོར”བྱས་ནས། ཡེ་མེན་གྱི་ཁེ་ཕན་ལ་གནོད་འཚེ་བཏང་བར་མ་ཟད། བརྟན་འཇགས་སླར་གསོ་བྱེད་པའི་འབད་བརྩོན་ཐད་རྙོག་འཛིང་དེ་ལས་ཆེན་པོ་བཟོས་ཡོད་ཅེས་བཤད།
ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་ནི2017ལོའི་ཟླ5པར་བཙུགས་པ་དང་། དེའི་དམིགས་ཡུལ་ནི་ཡེ་མེན་ལྷོ་ཕྱོགས་ས་ཁུལ་གྱི་རང་ཐག་རང་གཅོད་དང་མཐར་རང་བཙན་བྱེད་པ་མངོན་འགྱུར་བྱེད་རྒྱུ་དེ་རེད། རྩ་འཛུགས་དེ2022ལོ་ནས་བཟུང་སོ་ཏི་ཨ་རབ་ཀྱིས་གཙོ་ཁྲིད་བྱེད་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་དཔུང་ནང་ཞུགས་ནས། ཧུའུ་སའེ་དྲག་ཆས་ལ་རྡུང་རྡེག་བཏང་བ་མ་ཟད། ཡེ་མེན་སྲིད་གཞུང་གི་སྲིད་འཛིན་སྒྲིག་གཞིའི་སྲིད་འཛིན་མགོ་ཁྲིད་ཨུ་ཡོན་ལྷན་ཁག་ནང་ཞུགས་ཀྱང་ལྷོ་ཕྱོགས་ས་ཁུལ་གྱི“བདག་དབང”མངོན་འགྱུར་བྱེད་པའི་བླང་བྱ་སྔར་བཞིན་རྒྱུན་འཁྱོངས་བྱེད་བཞིན་ཡོད། དེ་ཡིས་ཡེ་མེན་སྲིད་གཞུང་བར་དུ་དབང་ཆའི་བགོ་བཤའ་དང་ཐོན་ཁུངས་ཚོད་འཛིན་གྱི་གནད་དོན་ཐད་ནས་གདོང་ཐུག་ཐེངས་མང་བྱུང་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།




