ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱིས་སོ་མ་ལི་ལན་ལ་ཁས་ལེན་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་བྱས།
| 2025-12-29 来源:ཞིན་ཧྭ་གསར་འགྱུར་དྲ་བ། | 分享: |
དབྱི་སི་རལ་གྱིས་སོ་མ་ལི་ལན་ཁས་ལེན་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པར་དམིགས་ནས། ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡིའུ་སུའུ་ཧྥུའུ་ཡིས་ཚེས26ཉིན་གསལ་བསྒྲགས་སྤེལ་ནས། སོ་མ་ལི་ལན་ནི་རང་ཚུགས་དངོས་ཚན་ཡིན་པའི་འཕྲལ་འདོན་གྲོས་མགོ་དང་བྱ་སྤྱོད་གང་རུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་པ་དང་། སོ་མ་ལི་ལན་ནི་སྔར་བཞིན་སོ་མ་ལིའི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཞེས་བསྐྱར་བསྒྲགས་བྱས།
གསལ་བསྒྲགས་ལས་བཤད་རྒྱུར། ཡིའུ་སུའུ་ཧྥུའུ་ཡིས་སོ་མ་ལི་ལན་གྱི་འབྲེལ་ཡོད་གནས་ཚུལ་ལ་དོ་སྣང་བྱུང་བ་དང་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ཅེས་འཁོད་ཡོད། སོ་མ་ལིའི་གཅིག་གྱུར་དང་། བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་གཏོར་བཤིག་གཏོང་བའི་རེ་ངན་གང་རུང་ཚང་མ་ཨ་ཧྥེ་རི་ཁ་གླིང་གི་མནའ་འབྲེལ་གྱི་གཞི་རྩའི་རྩ་དོན་དང་རྒྱབ་འགལ་བྱས་པར་མ་ཟད། “ཉེན་ཁའི་སྔོན་དཔེ”གཏོད་སྲིད་པས་ཨ་ཧྥེ་རི་ཁ་གླིང་གི་སྐམ་ས་ཆེན་མོ་ཧྲིལ་པོའི་ཞི་བདེ་དང་བརྟན་འཇགས་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་སྲིད། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་སོ་མ་ལིའི་གཅིག་གྱུར་དང་བདག་དབང་། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པར་བློ་བརྟན་འགྱུར་མེད་ངང་འབད་བརྩོན་བྱས་ནས། སོ་མ་ལིའི་དབང་འཛིན་ལས་ཁུངས་ཀྱིས་ཞི་བདེ་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྒྲིག་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བསྟུན་མཁས་རང་བཞིན་གྱི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱེད་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བཤད།
དུས་རབས་སྔོན་མའི་ལོ་རབས90པའི་ནང་སོ་མ་ལི་ལན་གྱིས་སོ་མ་ལི་དང་ཁ་བྲལ་ནས་རང་བཙན་བྱེད་རྒྱུ་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁས་ལེན་བྱས་མེད། སོ་མ་ལི་སྲིད་གཞུང་གིས་སོ་མ་ལི་ལན་ནི་དེའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
ཚེས26ཉིན། དབྱི་སི་རལ་གྱིས་སོ་མ་ལི་ལན་ནི“རང་ཚུགས་བདག་དབང་རྒྱལ་ཁབ”ཡིན་པ་དངོས་སུ་ཁས་ལེན་བྱས་པར་མ་ཟད། “ཕྱི་འབྲེལ་འཛུགས་པའི”གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། སོ་མ་ལིའི་ཕྱི་འབྲེལ་པུའུ་ཡིས་དེའི་རྗེས་སུ་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་ཕྱོགས་ཀྱི་བྱ་སྤྱོད་ལ་རྒོལ་གཏམ་བཏང་སྟེ། ཁྲིམས་འགལ་བྱ་སྤྱོད་དེ་རིགས་ཀྱིས་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་གཏོར་བཤིག་ཚབས་ཆེན་བཏང་བ་དང་། ཆབ་སྲིད་དང་བདེ་འཇགས་ཀྱི་གནས་བབ་ཛ་དྲག་ཏུ་ཕྱིན་ཡོད་ཅེས་བསྟན།
གཡང་འབུམ་རྒྱལ་གྱིས་བསྒྱུར།




