ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སུའི་དམག་དཔུང་གིས་ཅི་ཕུའུ་ལ་མཁའ་རྒོལ་བྱས་ནས་མི2རྐྱེན་ལམ་དུ་ཤོར་བ་དང46ལ་རྨས་ཕོག་ཡོད་པར་མ་ཟད། གློག་ཤུགས་སྒྲིག་ཆས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་ཟེར།
| 2025-12-29 来源:ཞིན་ཧྭ་གསར་འགྱུར་དྲ་བ། | 分享: |
ཚེས27ཉིན་གྱི་དགོང་མོ། ཝུའུ་ཁི་ལན་གྱི་ཅི་ཧྥུའུ་གྲོང་ཁྱེར་སྲིད་གཞུང་དང་ཝུའུ་ཁི་ལན་རྒྱལ་ཁབ་ཉེན་རྟོག་ཅུས་ཀྱིས་སྤྱི་ཚོགས་སྨན་བྱད་སྟེང་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། ཉིན་དེའི་ཐོ་རེངས་དུས་སུ་ཨུ་རུ་སུ་ཕྱོགས་ཀྱིས་ཅི་ཧྥུའུ་གྲོང་ཁྱེར་དང་ཅི་ཧྥུའུ་མངའ་སྡེ་ལ་མཁའ་རྒོལ་བྱས་ནས་མི2རྐྱེན་ལམ་དུ་ཤོར་བ་དང་མི46ལ་རྨས་ཕོག་ཡོད་པར་བཤད།
ཅི་ཧྥུའུ་གྲོང་ཁྱེར་གྱི་མགོ་གཙོ་ཁེ་ལི་ཆི་ཁོ་ཡིས་སྤྱི་ཚོགས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས། ཚེས27ཉིན་གྱི་ཐོ་རེངས་དུས་སུ་ཨུ་རུ་སུའི་དམག་དཔུང་གིས་མཁའ་རྒོལ་བྱས་ཏེ། གྲོང་ཁྱེར་དེའི་མི1རྐྱེན་ལམ་དུ་ཤོར་བ་དང་མི32ལ་རྨས་ཕོག་པའི་ནང་མི11སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཅེས་བཤད།
ཝུའུ་ཁི་ལན་རྒྱལ་ཁབ་ཉེན་རྟོག་ཅུས་ཀྱིས་མཁའ་རྒོལ་བྱས་ནས་ཅི་ཧྥུའུ་མངའ་སྡེ་ཡི་མི་1རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི14ལ་རྨས་ཕོག་ཡོད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་མི་སྣ་དང་རྒྱུ་ནོར་ལ་གནོད་འཚེ་ཐེབས་པའི་གནས་ཚུལ་ཐོ་འགོད་བྱེད་བཞིན་ཡོད་པར་བསྟན།
ཚེས27ཉིན། ཝུའུ་ཁི་ལན་གྱི་ནུས་ཁུངས་པུའུ་ཡིས་སྤྱི་ཚོགས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས། ཨུ་རུ་སུའི་དམག་དཔུང་གིས་མཁའ་རྒོལ་བྱས་ནས་གློག་གཏོང་དང་། གློག་སྐྱེལ། གློག་སྡེབ་བཅས་ཀྱི་སྒྲིག་ཆས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ནས་ཅི་ཧྥུའུ་གྲོང་ཁྱེར་དང་ཅི་ཧྥུའུ་མངའ་སྡེ་ལ་གློག་ཆད་ཡོད་པ་དང་། ཉིན་དེའི་དུས་ཚོད15བར་ས་གནས་གཉིས་སུ་ ཁྱིམ་ཚང་འབུམ5ལྷག་ཙམ་ལ་སྔར་བཞིན་གློག་ཆད་ཡོད་ཅེས་བཤད། གཞན་ཡང་མཁའ་རྒོལ་དེ་ལས་མངའ་སྡེ་གཞན་ལའང་གློག་ཆད་ཡོད་པ་དང་། དེའི་ནང་ཆེར་ཉི་ཀེ་ཧྥུའུ་མངའ་སྡེ་ཡི་ཁྱིམ་ཚང་ཁྲི2དང་སྟོང2ལ་གློག་ཆད་ཡོད།
ཚེས27ཉིན་གྱི་ཕྱི་དྲོ། ཝུའུ་ཁི་ལན་གྱི་མཁའ་དམག་གིས་སྤྱི་ཚོགས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས། ཚེས26ཉིན་གྱི་དགོང་མོ་ནས་ཚེས27ཉིན་གྱི་ཐོ་རེངས་བར་དུ་ཨུ་རུ་སུའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་མི་མེད་གནམ་གྲུ519བཏང་པ་དང་། འཕུར་མདེལ40ཙམ་འཕངས་ཡོད། ཉིན་དེའི་དུས་ཚོད13བར་ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གིས་མི་མེད་གནམ་གྲུ474དང་འཕུར་མདེལ29བཀག་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།




