ཀྲུང་དབྱང་གི་ཞིང་སྡེ་ལས་ཀའི་གྲོས་ཚོགས་པེ་ཅིན་དུ་འཚོགས།
| 2026-01-01 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཚེས་ཉེར་དགུ་ཉིན་ནས་ཚེས་སུམ་ཅུ་ཉིན། ཀྲུང་དབྱང་གི་ཞིང་སྡེ་ལས་ཀའི་གྲོས་ཚོགས་པེ་ཅིན་དུ་འཚོགས། གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་སྐབས་རིམ་བྱུང་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ལག་བསྟར་ཟབ་མོ་བྱེད་པ། ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་ལས་ཀའི་སྐོར་གྱི་བརྗོད་པ་གལ་ཆེན་དང་མཛུབ་སྟོན་གྱི་སྙིང་དོན་གལ་ཆེན་ལག་ལེན་བསྟར་པ། ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་དོན་འཁྱོལ། མིག་སྔའི་ཞིང་གསུམ་ལས་ཀར་འཕྲད་པའི་གནས་བབ་དང་འགྲན་སློང་ལ་དབྱེ་ཞིབ། ༢༠༢༦ལོའི་ཞིང་གསུམ་ལས་ཀར་བཀོད་སྒྲིག་བཅས་མཛད་པ་རེད། ཏང་ཀྲུང་དབྱང་གིས་ཐེངས་འདིའི་གྲོས་ཚོགས་ལ་མཐོང་ཆེན་ཚད་མེད་གནང་ཞིང་། གྲོས་ཚོགས་མ་འཚོག་གོང་། ཀྲུང་དབྱང་ཆབ་སྲིད་ཇུས་ཀྱི་རྒྱུན་ལས་ཨུ་ལྷན་གྲོས་ཚོགས་ཀྱིས་ཐེངས་འདིའི་གྲོས་ཚོགས་ཡག་པོ་འཚོག་པ་དང་། ཞིང་གསུམ་ལས་ཀ་ཡག་པོ་སྒྲུབ་པར་བླང་བྱ་གསལ་པོ་བཏོན་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞིང་གསུམ་ལས་ཀ་ཡག་པོ་སྒྲུབ་པའི་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་། ཞི་ཅིན་ཕིང་གིས། ༢༠༢༦ལོ་ནི་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་འགོ་ཚུགས་པའི་ལོ་ཡིན་པས། ཞིང་གསུམ་ལས་ཀ་ཡག་པོ་སྒྲུབ་པ་དེ་གལ་འགངས་ཤིན་ཏུ་ཆེ་བས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་སྐབས་རིམ་བྱོན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ལག་བསྟར་ཟབ་མོ་བྱེད་པ། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར། གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ལ་སྐུལ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འབྲེལ་འཕེལ་རྒྱས་སྐུལ་སྤེལ་བྱེད་དགོས། ལྷོད་གཡེང་ཅི་ཡང་མེད་པར་འབྲུ་རིགས་ཐོན་སྐྱེད་དམ་འཛིན་དང་། ས་ཞིང་དང་ས་བོན། འཕྲུལ་འཁོར། ལག་རྩལ་བཅས་གཅིག་ཏུ་ནུས་འཕར་ལ་སྐུལ་སྤེལ་བྱས་ནས། ཞིང་ལས་ཕྱོགས་བསྡོམས་ཐོན་སྐྱེད་ནུས་པ་དང་སྤུས་ཀའི་ནུས་ཆོད་ཇེ་མཐོར་གཏོང་དགོས། ཞིང་ལས་སྟོབས་ལྡན་དང་། ཞིང་པར་ཕན་ཐོགས་པ། ཞིང་སྡེ་ཕྱུག་འགྱུར་གྱི་སྲིད་ཇུས་ནུས་ཆོད་ཇེ་མཐོར་བཏང་ནས། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་རིན་གོང་དེ་ལུགས་མཐུན་གྱི་ཆུ་ཚད་དུ་གནས་པར་བྱེད་པ་དང་། ཞིང་པ་ཡོང་འཕར་བརྟན་བརླིང་ཡོང་བར་སྐུལ་སྤེལ་བྱེད་དགོས། མུ་མཐུད་དེ་དབུལ་བྲལ་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་ཞིང་། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་གཅིག་གྱུར་ལག་བསྟར་ནང་བཞག་ནས། གཞི་ཁྱོན་ཅན་གྱི་དབུལ་ལོག་དབུལ་འགྱུར་མི་འབྱུང་བའི་མཐའ་ཚད་བརྟན་སྲུང་བྱེད་དགོས།
ཁྲི་སྟོང་ལས་གཞིའི་ཉམས་མྱོང་ལ་སློབ་སྦྱོང་དང་བེད་སྤྱོད་བྱེད་དེ། ཡུལ་བབ་དང་བསྟུན་ནས་བདེ་སྡོད་ལས་བརྩོན་དང་མཛེས་པའི་གྲོང་ཚོ་འཛུགས་སྐྱོང་བྱས་ནས། གྲོང་ཚོ་བཅོས་སྐྱོང་དང་དཔལ་ཡོན་གྱི་ཡུལ་སྲོལ་འཛུགས་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ཞིང་གསུམ་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་འཇོག་པ་རྒྱུན་འཁྱོངས་དང་། རིམ་པ་ལྔ་པའི་ཧྲུའུ་ཅི་ཡིས་གྲོང་གསེབ་དར་རྒྱས་དམ་འཛིན་དང་། ཧུར་སྐྱེད་ཡར་ཐོན་དང་དོན་གཉེར་དངོས་འབད་རྒྱུན་འཁྱོངས། ཞིང་ལས་དེ་དེང་རབས་ཅན་གྱི་ཐོན་ལས་ཆེན་པོ་རུ་འཛུགས་སྐྱོང་བྱེད་པ་དང་། ཞིང་གྲོང་ལ་གཞི་རྩའི་ཆ་ནས་དེང་རབས་ཅན་གྱི་འཚོ་བའི་ཆ་རྐྱེན་ལྡན་པ། ཞིང་པའི་འཚོ་བ་སྔར་ལས་ཕྱུག་པོ་དང་སྐྱིད་པོར་གཏོང་དགོས་ཞེས་ནན་གསུང་གནང་།
གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་མཐོང་ཆེན་པོ་བྱེད་ཅིང་།གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བའི་སྐོར་གྱི་བསམ་འཆར་གྱི་བགྲོ་གླེང་མ་ཟིན་ལ་གྲོས་མོལ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཀུའོ་ཀྲུང་གྲོས་ཚོགས་ནང་ཞུགས་ཤིང་གསུང་བཤད་གནང་། གྲོས་ཚོགས་ཐོག ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ནི་ཀྲུང་གོའི་དེང་རབས་ཅན་གྱི་སྤྱི་ཁོག་ཡོངས་དང་གྲུབ་འབྲས་ལ་འབྲེལ་བ་ཡོད་པས། ངེས་པར་དུ་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་དགོས། འབྲུ་སྣུམ་ཐོན་སྐྱེད་བརྟན་པོ་བྱེད་དགོས་པ་དང་། སྐོར་གསར་པའི་རྒྱ་མ་དུང་ཕྱུར་སྟོང་ཅན་གྱི་འབྲུ་རིགས་ཐོན་ནུས་མཐོར་འདེགས་བྱ་སྤྱོད་ལག་བསྟར་བྱེད་གང་ཐུབ་བྱས་ནས། ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་གནོད་འཕྲི་ནུས་པ་ཇེ་ཆེར་གཏོང་དགོས། གཅིག་གྱུར་སྒོས་རྒྱུན་རྣམ་ཅན་གྱི་དབུལ་ལོག་དབུལ་འགྱུར་ལ་འགོག་པའི་ནང་རྐྱེན་འཛུགས་སྐྱོང་བྱས་ནས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་སྲིད་ཇུས་མ་ལག་འཐུས་ཚང་གཏོང་དགོས། ཐབས་བརྒྱ་ཇུས་སྟོང་གིས་ཞིང་པའི་ཡོང་འབབ་བརྟན་པོ་ཡོང་བར་སྐུལ་འདེད་དང་། འབྲུ་རིགས་འདེབས་འཛུགས་ཀྱི་ཞིང་པའི་ཁེ་ཕན་ལ་འགན་སྲུང་བྱེད་པའི་ནང་རྐྱེན་འཐུས་ཚང་བཙུགས་ནས་རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་རྒྱ་ཆེར་གསོ་སྤེལ་བྱེད་དགོས། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་འཛུགས་སྐྱོང་གི་ལག་བསྟར་ནང་རྐྱེན་འཐུས་ཚང་གཏོང་བ་དང་། ཞིང་སྡེའི་དེང་རབས་ཅན་གྱི་འཚོ་བའི་མི་འདང་ས་མགྱོགས་པོས་ཁ་གསབ་བྱེད་པ། ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་ཀྱི་བཅོས་སྐྱོང་ཕན་ནུས་ཇེ་མཐོར་གཏོང་། ཞིང་སྡེའི་བརྟན་བརླིང་དང་ཞི་མཐུན་ལ་སྲུང་སྐྱོང་བྱེད་པ། ཞིང་སྡེའི་བཅོས་བསྒྱུར་ཟབ་སྤེལ་བཏང་ནས། རྒྱུན་ཆད་མེད་པར་གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཇེ་མང་གཏོང་དགོས་ཞེས་བསྟན།
གྲོས་ཚོགས་ཐོག ཏང་གིས་ཞིང་གསུམ་ལས་ཀར་ཁྱོན་ཡོངས་ནས་འགོ་ཁྲིད་ཇེ་དྲག་གཏོང་བ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འགན་འཁྲིའི་ལམ་ལུགས་ལག་བསྟར་ཇེ་དྲག་གཏོང་བ། ལས་འགན་ཁག་ལག་བསྟར་བྱེད་པར་ཕན་འབྲས་མངོན་གསལ་ཐོབ་པར་བྱ་དགོས། ཡང་དག་པའི་ཆབ་སྲིད་ཀྱི་གྲུབ་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ་དང་། རང་རྟོགས་ཀྱིས་ཆོས་ཉིད་ལྟར་ལས་དོན་སྒྲུབ་པ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བར་འཕེལ་རིམ་གསར་པ་ཐོབ་པ་དང་། ཞིང་སྡེ་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་གྲུབ་འབྲས་གསར་པ་ཐོབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན།
རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་བཞེས་མཁན་ཝུའུ་ཀྲེན་ལུང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་། ཀྲུང་དབྱང་ཞིང་སྡེ་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་ཁོངས་མི། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། འཆར་གཞི་ལོགས་བཀོད་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་འགན་ཁུར་བློ་མཐུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་པ། འབྲེལ་ཡོད་དངུལ་རྩའི་ལས་ཁུངས་དང་ཁེ་ལས། ཀྲུང་དབྱང་དམག་ཨུའི་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྲོས་ཚོགས་ནང་ཞུགས་པ་རེད།




