ཉིས་སྟོང་ཉེར་ལྔ་ལོའི་ཟླ་བ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཕན་ཚུན་བར་ལོ་གསར་གྱི་ཤིས་འཕྲིན་སྤྲིངས་པ་རེད།
| 2026-01-01 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཞི་ཅིན་ཕིང་གིས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་མཛད་ནས་ཙུང་ཐུང་ཕུའུ་ཅིང་དང་ཨུ་རུ་སུའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་དང་བཀྲ་ཤིས་པའི་སྨོན་འདུན་ཞུས་པ་རེད།
ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་ལྔ་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ངོ་བརྒྱད་ཅུ་འཁོར་བའི་ལོ་རེད། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱིས་གཟབ་རྒྱས་ངང་ཀྲུང་གོའི་མི་དམངས་ཀྱིས་འཇར་འགོག་དམག་འཁྲུག་དང་། སུའུ་ལེན་གྱིས་རླབས་ཆེའི་རྒྱལ་སྲུང་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤིས་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་བརྒྱད་ཅུ་འཁོར་བར་དྲན་གསོ་ཞུས་ནས། ཞི་བདེ་ལ་རྒྱལ་ཁ་ཐོབ་ངེས་དང་། དྲང་བདེན་ལ་རྒྱལ་ཁ་ཐོབ་ངེས། མི་དམངས་ལ་རྒྱལ་ཁབ་ཐོབ་ངེས་བཅས་ཀྱི་དུས་རབས་ཀྱི་སྐད་གདངས་དྲག་པོ་བསྒྲགས་ཡོད། ཉིས་སྟོང་ཉེར་ལྔ་ལོ་ནི་ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་བརྟན་པོ་བྱུང་བའི་ལོ་ཞིག་ཀྱང་རེད། ང་ཚོས་པེ་ཅིན་དང་མོ་སི་ཁོ་རུ་ཐུག་འཕྲད་ཐེངས་གཉིས་བྱས་ནས་ཕྱོགས་གཉིས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ཡོད། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་བར་ཕན་ཚུན་འཐུས་མཆན་བཀོད་པའི་ལག་ཁྱེར་མེད་པར་བཟོ་བའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ནུས་ཁུངས་བགྲོད་ལམ་འཛུགས་སྐྲུན་ཐད་ཀྱི་ལས་ཀ་བརྟན་པོའི་ངང་སྐུལ་སྤེལ་བྱས་ཡོད་ལ། གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད། རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་ཕན་ཚུན་རྒྱབ་སྐྱོར་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་དང་འཐུས་ཇེ་ཚང་དུ་གཏོང་རྒྱུར་བློ་གྲོས་དང་སྟོབས་ཤུགས་ཕུལ་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་དྲུག་ལོ་ནི་ཀྲུང་གོ་དང་ཨུ་རུ་སུའི་འཐབ་ཇུས་མཐུན་སྦྱོར་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བ་དང་ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག་ལ་མིང་རྟགས་བཀོད་ནས་ལོ་ངོ་ཉེར་ལྔ་འཁོར་བའི་ལོ་རེད། རྒྱལ་ཁབ་གཉིས་ཀྱིས་ཉིས་སྟོང་ཉེར་དྲུག་ལོ་ནས་ཉིས་སྟོང་ཉེར་བདུན་ལོའི་བར་གྱི་ཀྲུང་གོ་དང་ཨུ་རུ་སུའི་སློབ་གསོའི་ལོ་གཉེར་རྒྱུ་རེད། ངས་ཙུང་ཐུང་ཕུའུ་ཅིང་དང་མུ་མཐུད་དུ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ནས་མཉམ་དུ་དུས་རབས་གསར་པའི་ཀྲུང་ཨུའི་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྣེ་ཁྲིད་འདོད་ཡོད་ཅེས་གསུངས་པ་རེད།
ཙུང་ཐུང་ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྙིང་ཐག་པ་ནས་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཀྲུང་གོའི་མི་དམངས་ལུས་བདེ་སེམས་སྐྱིད་ཡོང་བའི་སྨོན་འདུན་ཞུས་པ་རེད། ཕུའུ་ཅིང་གིས་འདས་པའི་ལོ་གཅིག་གི་ནང་། ཨུ་རུ་སུ་དང་ཀྲུང་གོའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་མཐུན་སྦྱོར་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཐུབ་པ་མ་ཟད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐུག་འཕྲད་ཐེངས་གཉིས་བྱས་ནས། མཉམ་དུ་འཇར་མན་གྱི་ན་ཙི་རིང་ལུགས་དང་འཇར་པན་གྱི་དམག་རྒྱལ་རིང་ལུགས་ལ་འགོག་རྒོལ་བྱེད་པར་རྒྱལ་ཁ་ཐོབ་ནས་ལོ་ངོ་བརྒྱད་ཅུ་འཁོར་བར་དྲན་གསོ་ཞུ་རྒྱུར་ངོས་འཛིན་གཅིག་མཐུན་གལ་ཆེན་རབ་དང་རིམ་པ་བྱུང་ཡོད། ཨུ་རུ་སུ་དང་ཀྲུང་གོས་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་བསྐྱེད་གང་ཐུབ་བྱས་ཡོད་པ་དང་། མཉམ་ལས་ཀྱི་ལས་གཞི་གལ་ཆེན་བརྟན་པོའི་ངང་བསྒྲུབས་ཐུབ་ཡོད། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་འཐུས་མཆན་བཀོད་པའི་ལག་ཁྱེར་མེད་པར་བཟོས་པས། ཕྱོགས་གཉིས་ཀྱི་མི་སྣ་འགྲོ་འོང་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་ཡོད། སང་ལོར་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་ཨུ་རུ་སུ་དང་ཀྲུང་གོའི་སློབ་གསོའི་ལོ་གཉེར་རྒྱུ་རེད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མུ་མཐུད་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ལ་དམིགས་ནས་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཚེས་སོ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིན་གཉིས་ཀྱིས་ཕན་ཚུན་ལོ་གསར་གྱི་ཤིས་འཕྲིན་སྤྲིངས་པ་རེད། ལི་ཆང་གིས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་མཐུན་སྦྱོར་རོགས་ཟླའི་འབྲེལ་བ་སྔར་བས་གཏིང་ཟབ་དང་དོན་ཐོག་ཏུ་འཁྱོལ་བཞིན་ཡོད། ཀྲུང་གོས་ཨུ་རུ་སུ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་བར་བྱུང་བའི་ངོས་འཛིན་གཅིག་མཐུན་གལ་ཆེན་དོན་འཁྱོལ་ཡག་མོ་བྱས་ནས་ཕྱོགས་གཉིས་ཀྱི་དོན་གཉེར་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་པོ་ཐོབ་རྒྱུར་སྐུལ་འདོད་ཡོད་ཅེས་གསུངས་པ་རེད།
སྨི་ཧྲུའུ་སི་ཅིན་གྱིས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་མདུན་ལམ་ཆེན་པོ་ལྡན་པའི་མཉམ་ལས་ཀྱི་ལས་གཞི་ལག་བསྟར་བྱེད་པར་ཆ་རྐྱེན་བཟང་པོ་བསྐྲུན་ཡོད་པས། ལོ་གསར་པའི་ནང་ཁྱོན་ཡོངས་ནས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་བར་བྱུང་བའི་འཐབ་ཇུས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པར་གོ་སྐབས་གསར་པ་སྤྲད་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།




