ཨ་རིའི་དམག་གིས་ཝེ་ནེ་ཟུ་ཝེ་ལའི་ཙུང་ཐུང་མཱ་ཏུའུ་ལུའོ་འཛིན་བཟུང་བྱས་འདུག
| 2026-01-04 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཚེས་༣ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཨ་རིས་ཝེ་ནེ་ཟུ་ཝེ་ལར་སྤེལ་བའི་བྱ་སྤྱོད་ཁྲོད་ཝེ་ནེ་ཟུ་ཝེ་ལའི་ཙུང་ཐུང་མཱ་ཏུའུ་ལུའོ་དང་ཁོའི་ལྕམ་མོ་འཛིན་བཟུང་བྱས་ཡོད་པ་མ་ཟད། ཁོ་ཚོ་ཝེ་ནེ་ཟུ་ཝེ་ལ་ནས་ཕྱིར་ཁྲིད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས། ཨ་རིའི་འཕྲིན་སྦྱོར་གྱིས་དེ་རྗེས་ཐེངས་འདིའི་བྱ་སྤྱོད་ཀྱི་ཞིབ་ཕྲའི་གནས་ཚུལ་སྔར་ལས་མང་པོ་ཕྱིར་བསྒྲགས།
ཨ་རིའི་ཀའོ་ལོམ་པི་ཡ་རླུང་འཕྲིན་སྤྱི་གཉེར་ཁང་གིས་གནས་ཚུལ་རྟོགས་མཁན་གྱི་སྐད་ཆ་དྲངས་ནས་སྤེལ་བར་གཞིགས་ན། མཱ་ཏུའུ་ལུའོ་ནི་ཨ་རིའི་དམག་གི་ཟུར་གསུམ་གླིང་དམིགས་བསལ་དམག་དཔུང་གིས་འཛིན་བཟུང་བྱས་པ་རེད། ཟུར་གསུམ་གླིང་དམིགས་བསལ་དམག་དཔུང་གིས་༢༠༡༩ལོར་ཐལ་དྲགས་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཀྱི་ཆེས་མཐོའི་གཏེ་བོ་ཨ་པུའུ་པེ་ཁེ་ཨར་པ་ཀེ་ཏ་ཏི་གསོད་པའི་ལས་འགན་བསྒྲུབས་མྱོང་ཟེར།
ཐེ་རོན་ཕུའུ་ཡིས་༼ ཉིའུ་ཡའོ་སྐབས་དོན་ཚགས་པར ༽གྱི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས། མཱ་ཏུའུ་ལུའོ་འཛིན་བཟུང་ཐུབ་པ་ནི་འཆར་གཞི་ཡག་པོ་དང་། དཔུང་ཤུགས་དྲག་པོ། ཕུལ་བྱུང་འཇོན་མི་བཅས་ལས་བྱུང་བ་ཞིག་ཡིན་ལ། དེ་ནི་ངོ་མཚར་ཆེ་བའི་དམག་དོན་བྱ་སྤྱོད་ཅིག་རེད་ཅེས་བཤད་པ་རེད།
༼ ཉིའུ་ཡའོ་སྐབས་དོན་ཚགས་པར་ ༽གྱི་གསར་འགོད་པས་ཐེངས་འདིའི་བྱ་སྤྱོད་ལ་རྒྱལ་ཚོགས་ཀྱིས་དབང་ཆ་གནང་ཡོད་མེད་དང་ཝེ་ནེ་ཟུ་ཝེ་ལར་དམིགས་པའི་རྗེས་མའི་འཆར་གཞི་སྐོར་འདྲི་སྐབས། ཐེ་རོན་ཕུའུ་ཡིས། ཁོས་ཨ་རིའི་ཤར་རྒྱུད་དུས་ཚོད་ཚེས་༣ཉིན་གྱི་ཆུ་ཚོད་༡༡སྟེ་པེ་ཅིན་དུས་ཚོད་ཚེས་བཞི་ཉིན་གྱི་མཚན་གུང་། ཧའེ་ཧུའུ་གཞིས་ཀ་ནས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ནས། དྲི་བ་འདི་དག་ལ་ལན་འདེབས་རྒྱུ་ཡིན་ཞེས་བཤད་པ་རེད།
ཚེས་༣ཉིན། ཝེ་ནེ་ཟུ་ཝེ་ལའི་ཙུང་ཐུང་གཞོན་པ་ཏའེ་ཨར་ཞི་ལུའོ་ཏེ་ལི་ཀེ་སི་ཡིས་རྒྱལ་ཁབ་བརྙན་འཕྲིན་ཁང་བརྒྱུད་ནས། ཝེ་ནེ་ཟུ་ཝེ་ལའི་སྲིད་གཞུང་གིས་མཱ་ཏུའུ་ལུའོ་དང་ཁོའི་ལྕམ་མོ་ད་ལྟ་གང་དུ་ཡོད་པ་མི་ཤེས། ང་ཚོས་ཁོ་ཚོ་གསོན་ཡོད་པའི་དཔང་རྟགས་མཁོ་འདོན་བྱེད་པའི་རེ་བ་ཞུ་བཞིན་ཡོད་ཅེས་བཤད། ལུའོ་ཏེ་ལི་ཀེ་སི་ཡིས་ད་དུང་ཨ་རིའི་ཕྱོགས་ཀྱི་བྱ་སྤྱོད་ཀྱིས་ཝེ་ནེ་ཟུ་ཝེ་ལའི་དཔོན་རིགས་དང་དམག་མི། མི་སེར་བཅས་ལ་ཤི་རྨས་བཟོས་སོང་ཞེས་བཤད་པ་རེད།




