དགོངས་པ་གསར་པས་རྒྱང་ལམ་གསར་པར་སྣེ་ཁྲིད།
| 2026-01-06 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྟོབས་ལྡན་དང་མི་རིགས་བསྐྱར་དར་ལ་དངོས་པོའི་དཔལ་ཡོན་གྱི་གསོག་ཉར་དགོས་ལ། བསམ་པའི་དཔལ་ཡོན་ཐད་ལ་ཡར་རྒྱས་བྱུང་དགོས་ཞེས་གསུངས། རིག་གནས་ཡིད་ཆེས་ཡོད་པའི་མི་རིགས་ཤིག་ཡིན་ན་ད་གཟོད་རང་རྐྱ་ཐུབ་ཅིང་བརྟན་ལ་རྒྱང་ནས་རྒྱང་དུ་སྐྱོད་ཐུབ། ༢༠༢༥ལོར་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་མཛུབ་སྟོན་འོག བསམ་བློ་རིག་གནས་དྲིལ་བསྒྲགས་ལས་རིགས་ཀྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་འཐབ་ཇུས་མཐོ་ཚད་ནས་ཀྲུང་ཧྭའི་རིག་གནས་ཀྱི་རྒྱུན་བཟུང་ཐོག གཙོ་རྒྱུག་རིན་ཐང་དང་གཙོ་རྒྱུག་གླེང་ཕྱོགས། གཙོ་རྒྱུག་རིག་གནས་བཅས་འཕེལ་རྒྱས་སྟོབས་ཆེར་བཏང་སྟེ། རིག་གནས་དར་རྒྱས་གོང་འཕེལ་གྱི་ལེའུ་གསར་རྩོམ་བཞིན་ཡོད།
༢༠༢༥ལོར་ཀྲུང་ཧྭའི་རིག་གནས་རྒྱུད་སྐྱོང་བར་གཟི་བྱིན་བཀྲག་མདངས་གསར་པ་འཚེར། ལོ་ངོ་གཅིག་རིང་ལ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་འཛིན་སྤེལ་ལས་གཞི་དང་ཀྲུང་ཧྭའི་རིག་གནས་ཁུངས་འཚོལ་ཞིབ་ལས་གཞི་སོགས་བྱ་ལས་ཟབ་མོ་སྤེལ་ནས། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་ལ་གསོན་ཤུགས་ཆེན་པོ་རྒྱས་ཤིང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྔམས་ཁ་མཐུག་པོར་བསྩལ། མི་ཉག་བང་སོ་འཛམ་གླིང་ཤུལ་བཞག་རིག་གནས་མིང་ཐོའི་ནང་བདེ་བླག་ངང་ཚུད་ནས། རང་རྒྱལ་གྱི་འཛམགླིང་ཤུལ་བཞག་སྤྱི་འབོར་དྲུག་ཅུ་ལ་འཕར། ཀྲུང་གོའི་ཧོ་ཀྲེ་རིགས་ཀྱི་དབྱི་མ་ཁན་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་ཐོའི་ནང་ཚུད་པ་དང་། སྲུང་སྐྱོང་འཆར་གཞི་དེ་ལག་ལེན་ཕུལ་བྱུང་གི་མིང་དེབ་ཏུ་བཀོད་པས།རང་རྒྱལ་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མིང་ཐོ་དང་མིང་དེབ་ཀྱི་རྣམ་གྲངས་ཞེ་ལྔ་ལ་ཟིན་ཞིང་། བསྡོམས་འབོར་འཛམ་གླིང་གི་ཨང་དང་པོར་གནས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོས་རིག་གནས་ཀྱིས་བསམ་པའི་ཁྱིམ་གཞིས་ལྷག་ཏུ་ཕུན་སུམ་ཚོགས་པར་བྱས་ཡོད། སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ལས་ཀྲུང་ཧྭའི་རིག་གནས་ལ་སྔར་བས་བཀྲག་མདངས་འོད་སྟོང་འབར་བ་རེད་ཅེས་གསུངས།
༢༠༢༥ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་ཞབས་རྗེས་ཀྲུང་ཧྭའི་ས་གཞི་ཀུན་ལ་ཁེབས་ཡོད་དེ། ལུའོ་ཉིང་ཞིང་ཆེན་ཧྲེང་དབྱང་གི་སྡོད་དམངས་འདུས་ཁུལ་ནས་ཀུའེ་ཀྲོའུ་ཡི་ལི་ཕིང་ཀྲའོ་ཞེང་ཏུང་རིགས་སྡེ་བ་དང་། ཡུན་ནན་ཞིང་ཆེན་ས་དམ་གྱི་གནའ་གྲོང་། ཧོ་ནན་ཞིང་ཆེན་ལའོ་དབྱང་ལུང་མེང་རྡོ་ཁུང་ནས་སི་ཁྲོན་ཁྲེང་ཏུའུ་ཏུའུ་ཅང་ཡན་སོགས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་ཀྱི་རིག་གནས་ཀྱི་ཤུལ་རྫས་སྲུང་སྐྱོང་དང་བེད་སྤྱོད། རིག་གནས་ཡུལ་སྐོར་ཟུང་འབྲེལ་འཕེལ་རྒྱས་ཐད་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་གནང་བར་མ་ཟད། ཚང་མས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱེད་པ་དང་། ཀྲུང་གོ་ཇི་འདྲ་ཞིག་ཡིན། ཇི་ལྟར་བསྐྱར་དར་གཏོང་བའི་རིག་གནས་རྨང་གཞི་ཇེ་བརྟན་གཏོང་བའི་སྐུལ་སློང་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ལགས་ཀྱིས། ཀྲུང་ཧྭའི་རིག་གནས་ཀྱི་བླ་སྲོག་འདི་སྲུང་སྐྱོང་ཡག་པོ་དང་རྒྱུན་འཛིན་ཡག་པོ། དར་སྤེལ་ཡག་པོ་གཏོང་བ་དང་། ཁྱད་པར་དུ་གྲོགས་པོ་ཆུང་ཆུང་ཚོས་ཡུལ་དངོས་སུ་ཀྲུང་ཧྭའི་རིག་གནས་ཀྱི་ཁུངས་འཚོལ་བ་དང་། ཆུང་དུས་ནས་རིག་གནས་ཀྱི་ཡིད་རྟོན་ཡོད་དགོས་ཞེས་གསུངས་པ་རེད།
དེང་སང་རིག་གནས་ཡིད་རྟོན་མི་རིགས་ཀྱི་རུས་པའི་སྟེང་དུ་ཟུག་ཡོད་པས། མི་རིགས་ཀྱི་བསམ་པའི་ཉམས་འགྱུར་དང་རིག་གནས་ཀྱི་སྣང་བརྙན་དུ་གྱུར་ཡོད། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ལ་གསར་གཏོད་རང་བཞིན་གྱི་ལུགས་བསྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གཏོང་བའི་ཁྲོད་གསོན་ཤུགས་གསར་པ་རྒྱས་ཡོད།
༢༠༢༥ལོར། དྲིལ་བསྒྲགས་བསམ་བློ་རིག་གནས་ལས་རིགས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཏང་གི་གསར་གཏོད་རིགས་གཞུང་གིས་ཏང་ཡོངས་ལ་དྲག་སྤྲས་བྱེད་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ་རེད། ལོ་ངོ་གཅིག་གི་རིང་། ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་པོད་ལྔ་པ་དང་། ཞི་ཅིན་ཕིང་གིས་དཔལ་འབྱོར་རྩོམ་ཡིག་གཅེས་བསྡུས་ཀྱི་པོད་དང་པོ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་རྩོམ་ཡིག་གཅེས་བསྡུས་ཀྱི་པོད་དང་པོ། ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་གཏོང་བའི་སྐོར་གླེང་བ་ཞེས་པའི་པོད་དང་པོ་དང་གཉིས་པ་སོགས་དཔར་འགྲེམས་བྱས་པས། ཏང་གི་རིགས་གཞུང་གསར་གཏོད་ཀྱི་གྲུབ་འབྲས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་རེད། ཞི་ཅིན་ཕིང་གི་རིག་གནས་ལས་དབང་དང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་དོན་གྱི་མུ་འབྲེལ་སྒྲོག་འདོན་སོགས་འཕྲིན་སྦྱོར་གྱི་ཐོན་རྫས་དེ་དག སྟེགས་བུ་མང་པོའི་ཐོག་བརྒྱུད་གཏོང་བྱེད་པ་དང་། ཏང་གི་གསར་གཏོད་རིགས་གཞུང་མི་སེམས་སུ་འཇགས་ཤིང་སྟོབས་ཤུགས་གཅིག་བསྡུས་བྱེད་ཀྱིན་ཡོད། ལོ་ངོ་གཅིག་གི་རིང་། དྲིལ་བསྒྲགས་བསམ་བློ་རིག་གནས་ལས་རིགས་ཀྱིས་མུ་མཐུད་དེ་ལངས་ཕྱོགས་ལ་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྤྱི་ཚོགས་དཔལ་ཡོན་གྱི་ཆུ་ཚད་མུ་མཐུད་དེ་མཐོར་འདེགས་གཏོང་བ། དགེ་མཚན་ལྡན་ཞིང་བདེ་གཙང་དྲ་བའི་རིག་གནས་གསོ་སྐྱོང་གང་ཐུབ་བྱསས་ནས། དྲ་བའི་ཁོར་ཡུག་སྔར་ལས་ཇེ་དྭངས་གཙང་དུ་ཕྱིན།
༢༠༢༥ལོར། ཀྲུང་གོ་བའི་བསམ་པའི་རིག་གནས་ཀྱི་འཚོ་བ་ཉིན་རེ་བཞིན་དུ་ཕུན་སུམ་ཇེ་ཚོགས་དང་། རིག་གནས་ཀྱི་ཐོབ་ཚོར་རྒྱུན་ཆད་མེད་པར་ཇེ་དྲག་བཏང་ཡོད། ལོ་གཅིག་རིང་། ཕུན་སུམ་ཚོགས་པའི་ཀྲུང་ཧྭའི་རིག་གནས་མཐུག་པོ། དུས་རབས་གསར་པའི་རླབས་ཆེན་ལག་ལེན་ཁྲོད་རྐང་ཚུགས་ཤིང་ལག་ལེན་བསྟར་བྱས་ཏེ། རང་རྒྱལ་ལ་རིག་རྩལ་གསར་གཏོད་བརྩམས་ཆོས་མང་པོ་ཐོན། ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་བླངས་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་དགོང་ཚོགས་ཏེ་དྲང་བདེན་རྒྱལ་ངེས་ཞེས་པ་ཡིས། བརྗིད་ཉམས་ལྡན་པའི་ལོ་རྒྱུས་ཟློས་གར་ཐོག་ནས་ལོ་རྒྱུས་རྗེས་སུ་དྲན་ཞིང་། རླབས་ཆེན་གྱི་ལྗར་འགོག་སྙིང་སྟོབས་ལ་གསོན་ཤུགས་ཟིལ་མདངས་རྒྱས་བཅུག ལེན་ཞོར་འཁྲབ་ཞོར་ཅེས་པ་དང་། ཀྲུང་ཧྭ་གནའ་བོའི་བཟོ་ལས་རིག་གནས་སོགས་བརྩམས་ཆོས་ཀྱིས་སྲོལ་རྒྱུན་རིག་གནས་ཀྱི་ས་གཤིན་བཟང་པོའི་ཐོག་རྐང་ཚུགས་ཤིང་། ཀྲུང་ཧྭ་རིག་གནས་ཀྱི་ཐུན་མིན་ངོ་མཚར་མཚོན་པས། གཟུགས་མོ་བས་དགའ་བསུ་ཆེན་པོ་ཐོབ།
རང་རྒྱལ་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་སྔར་ལས་འཐུས་ཚང་སོང་ཡོད་དེ། འཁྲབ་སྟོན་རྨད་བྱུང་གསར་གཏོད་བྱེད་ཐབས་ལ་བརྟེན་ནས་གཞི་རིམ་དུ་ཁྱབ་གདལ་བཏང་། ས་གཞི་ཆེན་མོའི་སྤྲོ་གླུ་དང་། དུས་བཞིའི་གྲོང་ཚོའི་དགོང་ཚོགས། འཁྲུག་ཆ་ཧ་ཅང་ཆེ་བའི་གྲོང་ཁྱེར་རིམ་འདས་རྐང་རྩེད་སྤོ་ལོ་དང་གྲོང་ཚོའི་རིམ་འདས་རྐང་གྲུག་འགྲན་བསྡུར་བཅས། གསར་གཏོད་འདུ་ཤེས་ཆེ་བའི་སྤྱི་པའི་རིག་གནས་བྱེད་སྒོ་རབ་དང་རིམ་པས་མི་སེར་གྱི་འཚོ་གཞིས་སྐྱིད་ཅིས་ཀྱང་མངོན།
༢༠༢༥ལོར། ཀྲུང་གོའི་རིག་གནས་ཐོན་ལས་འཕེལ་རྒྱས་མགྱོགས་པོར་བྱུང་དང་། རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་འཕེལ་རྒྱས་ཟབ་མོ་བྱུང་།
ལོ་གཅིག་རིང་། རིག་གནས་དངོས་མང་སྟོན་ཚོགས་དང་མངོན་མིན་ཤུལ་བཞག་རིག་གནས་ཀྱི་སྤྲོ་བ་ཇེ་རྒྱས་ཕྱིན་པ་དང་། གནའ་ཉམས་རྒྱལ་སྲོལ་དེ་ན་གཞོན་ཚོའི་མིག་ནང་གི་མཛེས་དཔྱད་མེ་ལོང་ཆགས་ཤིང་། རྒྱལ་སྲོལ་དང་རིག་གནས་གསར་གཏོད་ཀྱིས་སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་གསར་པ་རྒྱས་བཅུག་པར་མ་ཟད། རིག་གནས་འཛད་སྤྱོད་ཀྱི་དར་སྲོལ་གསར་པར་གྱུར། གློག་བརྙན་ཚོང་ར་རྒྱུན་མཐུད་འཕེལ་རྒྱས་བྱུང་ཞིང་། ནཱ་བཀྲ་ཡིས་ཀླུ་ཡུལ་བཀྲུགས་ཞེས་པ་དང་ལྗར་འགོག་དམག་འཁྲུག་བརྗོད་དོན་གྱི་གློག་བརྙན་བཅས་སུ། གློག་བརྙན་ལྟ་བའི་སྤྲོ་བས་ལོ་ཟླ་ཧྲིལ་པོར་ཁྱབ།ལོ་མཇུག་གི་འཛིན་བྱང་བསྡོམས་འབོར་སྒོར་དུང་ཕྱུར་ལྔ་བརྒྱ་བཅོ་བརྒྱད་ལ་ཟིན། རིག་གནས་ཡུལ་སྐོར་ཚོང་རའི་ཚོང་བྲིན་པོ་བྱུང་ཞིང་། ཚན་རྩལ་ནུས་སྤྲོད་ཀྱིས་རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་པའི་འཕེལ་རྒྱས་ལ་མཐུན་རྐྱེན་སྐྲུན། རྒྱལ་ཡོངས་ས་གནས་ཁག་གི་དངོས་མང་བཤམས་སྟོན་ཁང་དང་། མཛེས་ཁུལ་གྱིས་གྲངས་ཀ་ཅན་དང་། མྱོང་ཚོར་ཚོད་ལྟའི་རྣམ་གྲངས་བཏོན་ནས། རིག་གནས་ཡུལ་སྐོར་འཛད་སྤྱོད་རིམ་སྤར་དང་གྲོང་ཁྱེར་གསར་བརྗེའི་སྒུལ་ཤུགས་གཙོ་བོར་གྱུར། གངས་འཁྱགས་ལུས་སྦྱོང་གིས་དགུན་དུས་སྤྲོ་འཆམ་འཁྲུག་པོ་སློང་། གློག་བརྙན་ནང་ནས་ཀྲུང་གོའི་ཡུལ་སྐོར་འགྲོ་ཞེས་པ་དང་། དཔེ་ཆ་ནང་ནས་ཡུལ་སྐོར་འགྲོ་ཞེས་པ་སོགས་རིག་གནས་ཡུལ་སྐོར་ཁྱད་ལྡན་བྱེད་སྒོ་ཡིས། མི་སྔར་ལས་མང་པོ་རིག་གནས་ཡུལ་སྐོར་ལམ་ལ་སྐྱོད་པ་དང་། ཕུགས་འདུན་འཚོལ་བའི་སྙན་ལམ་རིང་པོར་ཆས།
༢༠༢༥ལོར། ཀྲུང་ཧྭའི་རིག་གནས་ཀྱི་སྙན་གྲགས་ཇེ་ཆེར་ཕྱིན། ལོ་གཅིག་རིང་། སི་ཁྲོན་ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཕྱི་ནང་དུ། འཛམ་གླིང་ས་གནས་ཁག་གི་ལུས་རྩལ་པས་ཀྲུང་གོའི་རིག་གནས་ཀྱི་ངོ་མཚར་དང་གྲོང་ཁྱེར་གྱི་གསོན་ཤུགས་ཉམས་སུ་མྱོང་། ཀྲུང་གོར་རྒྱུས་ལོན་བྱེད་ཅེས་པའི་རྒྱལ་སྤྱིའི་གྲོས་ཚོགས་དང་ཉི་ཧྲན་འཛམ་གླིང་དཔལ་ཡོན་གླེང་སྟེགས་བཅས་སུ། གནའ་བོའི་ཀྲུང་ཧྭའི་རིག་གནས་ནང་འདུས་པའི་རིག་པ་ལ་ནམ་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་ཐོབ་བཞིན་ཡོད། རིག་གནས་དང་རྒྱལ་ཁབ་ཀྱི་ལས་དབང་གཅིག་ཏུ་འབྲེལ། རིག་གནས་ཀྱི་སོན་རྒྱུད་རྒྱལ་ཁབ་ཀྱི་སྲོལ་ཉམས་ཀུན་ལ་འབྲེལ། ༢༠༣༥ལོར་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་པའི་འཐབ་ཇུས་དམིགས་འབེན་ལ་གཞིགས་ནས། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་མཛུབ་སྟོན་འོག དྲིལ་བསྒྲགས་བསམ་བློ་རིག་གནས་ལས་རིགས་ཀྱིས་རིག་གནས་ཡིད་ཆེས་ཇེ་བརྟན་དང་། རིག་གནས་ཀྱི་འགན་འཁྲི་གསར་པ་ཕྲག་ལ་བླང་ཞིང་། ཉིན་བཞིན་རྣམ་གསར་འགྲོ་བའི་གསར་གཏོད་གསར་སྐྲུན་ལ་བརྟེན་ནས། ཀྲུང་ཧྭ་རིག་གནས་ཀྱི་འོད་སྟོང་གསར་པ་གཏོད་བྱེད་ཅིང་། རིག་གནས་དར་རྒྱས་ཁྲོད་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་བཞིན་ཡོད།




