ཞི་ཅིན་ཕིང་གིས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་ལས་ཀའི་སྙན་ཞུ་ལ་གསན།
| 2026-01-07 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་ལས་ཀའི་སྙན་ཞུ་ལ་གསན་དུས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ཁྱོན་ཡོངས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་གཏོང་བར་བཏོན་པའི་འཐབ་ཇུས་གལ་ཆེན་ཞིག་་ཡིན་ལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་ཀྲུང་དབྱང་གི་ཕྱོགས་བསྡུས་གཅིག་གྱུར་འགོ་ཁྲིད་འོག རིམ་པ་སོ་སོའི་འབྲེལ་ཡོད་ཕྱོགས་ཀྱིས་མཐུན་སྦྱོར་ཟབ་སྤེལ་དང་རང་འགུལ་ལས་བརྩོན་བྱེད་ཅིང་བསྟུད་མར་འབད་པ་བྱས་ཏེ། ཁྱོན་ཡོངས་ནས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་འཛུགས་སྐྲུན་དམིགས་འབེན་མངོན་འགྱུར་བྱེད་དགོས་ཞེས་ནན་གསུངས་གནང་།
ཟླ་བ་བཅུ་གཅིག་པའི་ཚེས་དྲུག་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧའེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་དུ་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་ལས་ཀའི་སྙན་ཞུ་ལ་གསན་པ་རེད། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲེན་ཧྲན་ཅེ་དང་ཧའེ་ནན་ཞིང་ཆེན་ཏང་ཨུ་ཧྲུའུ་ཅི་ཧྥུང་ཧྥེ་ཡིས་སྙན་ཞུ་ཕུལ། སྙན་ཞུ་ལ་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།ཁོང་གིས་ཏང་ཀྲུང་དབྱང་གིས། ད་ལོའི་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁས་དངོས་སུ་གླིང་ཕྲན་ཡོངས་བཀག་སྡོམ་བྱེད་འགོ་བཙུགས་ཡོད་ལ། འདི་ནི་རང་རྒྱལ་གྱི་རྟག་བརྟན་འགྱུར་མེད་ཀྱི་སྤུས་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་དང་། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་བྱེད་པའི་ཚབ་མཚོན་རང་བཞིན་གྱི་བྱེད་ཐབས་ཡིན་པས། རིམ་པ་སོ་སོའི་འབྲེལ་ཡོད་ཕྱོགས་ཀྱིས་གྲ་སྒྲིག་ནན་ཏན་བྱས་ཏེ། བརྟན་ཐོག་གོ་རིམ་ལྡན་པར་ཁག་ཐེག་བྱེད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་འབེན་ནི། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དེ་རང་རྒྱལ་དུས་རབས་གསར་པའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་ཁྲིད་བྱེད་པའི་སྒེའུ་ཁུང་གལ་ཆེན་དུ་སྐྲུན་ཆེད་རེད། འཐབ་ཇུས་དམིགས་འབེན་འདི་ལ་མངོན་པར་གཞིགས་ནས།ཕྱོགས་ཡོངས་ནས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་གྱི་སྤྱི་ཁོག་འཆར་འགོད་དོན་འཁྱོལ་དང་། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་བཅའ་ཁྲིམས་ལག་བསྟར་ཟབ་མོ། བསམ་བློ་བཅིངས་འགྲོལ་དང་། བཅོས་བསྒྱུར་གསར་གཏོད། གོམ་པ་དང་དུས་རིམ་དབྱེ་ནས་ཆུ་ཚད་མཐོ་བའི་རང་མོས་ཉོ་ཚོང་གྲུ་ཁ་དང་འཚམ་པའི་སྲིད་ཇུས་ལམ་ལུགས་མ་ལག་འཛུགས་སྐྱོང་བྱེད་དགོས། ལམ་ལུགས་ཅན་གྱི་སྒོ་འབྱེད་རྒྱ་སྐྱེད་བརྟན་པོ་དང་། ཉོ་ཚོང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བ། ཚོང་རྫས་དང་རྒྱུ་ཆ་འཁོར་རྒྱུག་ཅན་གྱི་སྒོ་འབྱེད་ལ་སྐུལ་སྤེལ་ཟབ་མོ་བྱས་ནས། ཐོན་སྐྱེད་རྒྱུ་ཆ་ཁོངས་བརྒལ་འཁོར་རྒྱུག་ལ་སྔར་ལས་སྐུལ་སྤེལ་བྱེད་དགོས། སྔར་ལས་སྒོ་འབྱེད་ཅན་གྱི་ཤེས་འཇོན་མི་སྣའི་ལམ་ལུགས་འཛུགས་སྐྱོང་བྱས་ནས། རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྱོང་ལ་ཤེས་འཇོན་པའི་རྒྱབ་རྟེན་ཆེན་པོ་བྱེད་དགོས། སྲིད་འཛིན་ལམ་ལུགས་བཅོས་བསྒྱུར་ཟབ་མོ་དང་། སྲིད་དོན་ཞབས་ཞུ་ལེགས་བཅོས་བྱས་ནས། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲས་སྐྲུན་དགོས་ཞེས་ནན་གསུངས་གནང་།
ཞི་ཅིན་ཕིང་གིས། ཚད་གཞི་མཐོན་པོས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་ཧའེ་ནན་སྤུས་ཀ་མཐོ་བའི་འཕེལ་རྒྱས་སྐུལ་སྤེལ་བྱས་ནས་རྒྱལ་ཡོངས་འཕེལ་རྒྱས་སྒྲིག་གཞི་གསར་པ་འཛུགས་པར་མཐུན་རྐྱེན་སྐྲུན་ཆེད་ཡིན་པས། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཚན་རིག་དང་མཐུན་པའི་ངང་ལོ་ལྔ་ཚན་གྱི་འཆར་གཞི་ཨང་བཅོ་ལྔ་པའི་སྒྲིག་བཟོ་བྱེད་ཅིང་། ཁུངས་གསུམ་ལྟེ་གཅིག་འཛུགས་སྐྱོང་གི་འཐབ་ཇུས་གནས་ཁེལ་ལ་མངོན་པར་གཞིགས་ནས། ཕྱོགས་ཡོངས་ནས་ཧའེ་ནན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆུ་ཚད་ཇེ་མཐོར་གཏོང་དགོས། ཧའེ་ནན་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པ། གཙོ་ཁྲིད་ཐོན་ལས་ལེགས་བསྒྱུར་རིམ་སྤར་སྐུལ་སྤེལ་བྱེད་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཟུང་འབྲེལ་ཟབ་མོ་བྱས་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་ཐོབ་པར་འབད་དགོས། ཡུའེ་ཀང་ཨའོ་མཚོ་ཁུག་ཆེན་མོ་མཉམ་འབྲེལ་འཕེལ་རྒྱས་ཇེ་དྲག་གཏོང་ཞིང་། པེ་ཅིན་དང་ཐེན་ཅིན། ཧོ་པེ་དང་། འབྲི་ཆུའིཟུར་གསུམ་གླིང་། འབྲི་ཆུའི་དཔལ་འབྱོར་ཁུལ་སོགས་ས་ཁོངས་མཉམ་ལས་ཟབ་སྤེལ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ནང་ཟབ་ཞུགས་བྱས་ནས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཁྲོད་སྐུལ་ཁྲིད་ཀྱི་ནུས་པ་འདོན་དགོས། སྐྱེ་ཁམས་ནི་ཧའེ་ནན་གྱི་ལེགས་ཆ་ཆེན་པོ་ཡིན་པས། རྨང་གཞི་འདི་བརྟན་སྲུང་བྱེད་པ་དང་། སྐམ་མཚོ་གཅིག་གྱུར་འཆར་འགོད་རྒྱུན་འཁྱོངས། འབུར་ཐོན་ཁོར་ཡུག་གནད་དོན་ལེགས་སྒྲིག སྤུས་ཀ་མཐོན་པོས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་དགོས། ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་གྱི་དམངས་འཚོ་འཛུགས་སྐྲུན་ཇེ་དྲག་བཏང་ནས། མི་དངམས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་ཡག་པོ་དང་། ཐུན་མོང་ཕྱུག་འགྱུར་ཡོང་བར་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས། སྒོ་འབྱེད་ཅི་ལྟར་རྒྱ་སྐྱེད་ན་དེ་འདྲ་སྔར་ལས་ལྷག་པར་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་དགོས་ལ། བདེ་འཇགས་ཀྱི་མ་མཐའི་ཚད་གཞི་བརྟན་སྲུང་བྱེད་དགོས། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྒོ་འབྱེད་ཀྱི་མྱུར་ཚད་དང་འཕེལ་རིམ་བཀོད་སྒྲིག་བྱས་ནས། ཉེན་ཁའི་ངོས་འཛིན་དང་དོགས་ཟོན་ཇེ་དྲག་གཏོང་བ་དང་བརྟན་ཐོག་འཕེལ་རྒྱས་གོམ་སྟབས་ཏག་ཏིག་སྤོ་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ནམ་ཡང་ལམ་དུ་ཡོད་པའི་ངོས་ཟིན་དང་བློ་རྩ་བརྟན་པོས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་དང་། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྙིང་དོན་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་བཏང་ནས། སྤྱོད་གཙང་རང་གཅུན་གྱི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཉན་པ། རུལ་སུངས་བྱེད་མི་བསམ་པའི་ལས་ཀའི་ནང་རྐྱེན་འཐུས་ཚང་བཏང་ནས། ཡང་བསྐྱར་རུལ་སུངས་སུ་འགྱུར་བའི་གཞི་རྩ་གཙང་གཅོད་དང་ཆ་རྐྱེན་མེད་པར་བཟོ་དགོས། རིམ་པ་ཁག་གི་ལས་བྱེད་པས་ཁྲིམས་བརྩི་སྒྲིག་སྲུང་གི་སྔོན་འགྲོའི་འོག་འགན་ཁུར་ཕོད་པ་དང་བྱས་རྗེས་འཇོག་གང་ཐུབ་བྱས་ཏེ། ལག་ལེན་དང་ལོ་རྒྱུས་ཀྱིས་ཉམས་སད་ཐེག་ཐུབ་པའི་ལས་ཀའི་ལས་འབྲས་གཏོད་གང་ཐུབ་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་མིག་སྔར་ཧའེ་ནན་གྱིས་མཚོ་སྐྱ་རྟགས་ཅན་གྱི་མཚོ་རླུང་གཡུག་པའི་ཁ་ཕྱོགས་ལ་གཟབ་གཟབ་དང་། འབྲེལ་ཡོད་བྱེད་ཐབས་འཐུས་ཚང་གཏོང་ཞིང་། དོགས་ཟོན་དང་བབ་བསྟུན་ཐག་གཅོད་ལས་ཀ་ཡག་མོ་བསྒྲུབས་ནས།ཉེན་གྱོང་སྔོན་འགོག་དང་མྱུར་སྐྱོབ་ཡག་མོ་བྱེད་དགོས་ཞེས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི་སྙན་ཞུའི་གྲོས་ཚོགས་ནང་ཞུགས། ཧོ་ལི་ཧྥུང་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག ཧའེ་ནན་ཞིང་ཆེན་གྱི་འགན་ཁུར་བློ་མཐུན་བཅས་སྙན་ཞུའི་གྲོས་ཚོགས་ནང་ཞུགས།




