རྔ་བ་འབར་ཁམས་གྲོང་ཁྱེར་གྱིས་གཟུགས་འདས་རིག་གནས་ཤུལ་བཞག་ལ་བརྟེན་ནས་མཉམ་ཕྱུག་ལམ་བུ་གཏོད་པ།
| 2026-01-08 来源:ཀྲུང་གོ་བོད་ཀྱི་དྲ་བ། | 分享: |
སི་ཁྲོན་ཞིང་ཆེན་འབར་ཁམས་གྲོང་ཁྱེར་སའི་སོ་གྲོང་ཚོ་རུ་གནའ་བོའི་རྒྱལ་རོང་བོད་ཀྱི་རིག་གནས་དང་དེང་རབས་སྒྱུ་རྩལ་མཉམ་འདྲེས་བྱུང་ཞིང་། རྡོ་ལམ་བརྒྱུད་དེ་སའི་སོ་གྲོང་ཚོ་ནང་སྐྱོད་དུས་མིག་ལམ་དུ་མངོན་པ་ནི་གྲོང་མི་ཚོས་རང་གི་སྒོ་ཁ་ནས་འབབ་འཕར་ཕྱུག་འགྱུར་བྱུང་བའི་སོས་དལ་དང་དགའ་སྤྲོ་ལ་རོལ་པའི་རྣམ་པ་ཡིན།
གྲོང་ཚོ་ནང་དུ་སྐྱོད་ཚེ། འབར་ཁམས་བསོད་ནམས་ཐང་ག་ལས་གཉེར་ཁང་དུ་སི་ཁྲོན་ཞིང་ཆེན་གྲོང་ཚོའི་ལག་བཟོ་མཁས་པ་བསོད་ནམས་ནོར་བུས་རང་གི་སློབ་མ་གཉིས་སྣེ་ཁྲིད་དེ་ཐང་ག་འབྲི་བཞིན་ཡོད། ལྟོས་ཚོད་ཀྱིས་རང་དགར་འབྲི་བ་ཡིན་ཡང་། ཅུང་མ་འགོར་བར་མི་ཡི་བྱད་བཞིན་དང་མེ་ཏོག་རྣམ་པ་གསོན་ཉམས་ལྡན་པར་གྱུར་ཏེ་མཛེས་ཤིང་སྡུག་པའི་ཐང་གའི་རི་མོ་རིམ་བཞིན་མི་རྣམས་ཀྱི་མིག་ལམ་དུ་ཤར།ཐང་ག་དགའ་མཁན་ཤིན་ཏུ་མང་ཡང་། དེར་རྒྱུས་ལོན་ངོ་མ་བྱེད་ཐུབ་མཁན་ཤིན་ཏུ་ཉུངཞེས་ཐང་གའི་སྒྱུ་རྩལ་སྐོར་གླེང་དུས་བསོད་ནམས་ནོར་བུས་དེ་ལྟར་བརྗོད། ཁོ་ལོ9ཐོག་གྲོང་ཚོའི་རྒན་པ་ཚོའི་རྗེས་སུ་འབྲངས་ཏེ་ཐང་ག་འབྲི་ཚུལ་སློབ་པ་དང་། རྒྱལ་རོང་བོད་ཀྱི་ཐང་གའི་རང་བཞིན་ངོ་མ་རྒྱུད་འཛིན་བྱེད་པ་ནི་ཁོའི་རེ་བ་ཉག་ཅིག་རེད།
2013ལོར། བསོད་ནམས་ནོར་བུ་ཡིས་མཚོ་སྔོན་ནས་ལག་རྩལ་བསླབས་ཚར་ཏེ་རང་ཡུལ་དུ་ལོག་པ་དང་། ཁོས་སའི་སོ་གྲོང་ཚོ་ནས་མི་སྒེར་གྱི་ལས་གཉེར་ཁང་བཙུགས་ཏེ་ཕྱོགས་གཅིག་ནས་ཐང་ག་འབྲི་བ་དང་། ཕྱོགས་གཅིག་ནས་ཐང་ག་ལ་སྤྲོ་བ་ཡོད་པའི་སློབ་མ་བསྡུས་པ་རེད། སློབ་མ་དེ་དག་གི་ནང་དུ་སློབ་གྲྭ་འགྲིམ་བཞིན་པའི་སློབ་མ་དང་། རི་མོ་དགེ་རྒན། གཞན་ད་དུང་ཐང་ག་བརྟེན་ནས་འཚོ་བ་རོལ་འདོད་པའི་མི་བཅས་ཡོད།
ངའི་རེ་བ་ནི་སློབ་མ་ཚོས་ལག་རྩལ་ཞིག་སློབ་ནས་མ་འོངས་པར་དེར་བརྟེན་ནས་འཚོ་བ་རོལ་ཐུབ་པ་དེ་ཡིན། གྲུབ་འབྲས་བླངས་རྗེས་བསོད་ནམས་ནོར་བུས་སློབ་མ་དེ་དག་དང་མཉམ་དུ་ལས་གཏོད་བྱེད་བཞིན་ཡོད། ཧྲའུ་ཏ་ཐི་ནི་སྔོན་ཆད་ངའི་སློབ་མ་ཞིག་ཡིན། ད་ལྟ་རྒྱལ་རོང་ཐང་ག་ཁུལ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུད་འཛིན་མཁན་ཞིག་ཏུ་གྱུར་ཡོད་བསོད་ནམས་ནོར་བུས་གདོང་ལ་འཛུམ་གྱིས་ཁེངས་ནས་དེ་ལྟར་བརྗོད།

ང་ནི་འབར་ཁམས་གསར་རྫོང་ཡུལ་ཚོའི་མི་ཞིག་ཡིན། གནས་འདི་ནས་ལོ་བརྒྱད་རིང་ལ་ཐང་ག་འབྲི་ཚུལ་སྦྱངས། མིག་སྔར་རང་གིས་འབྲི་ཐུབ་པ་དང་། དགེ་རྒན་གྱིས་ཁྲིད་དེ་ཁྲོན་ཆིན་དང་ཁྲེང་ཏུའུ་སོགས་སུ་ཕྱིན་ཏེ་རང་གི་བརྩམས་ཆོས་བཤམས་པ་ཡིན་ཞེས་ཧྲའུ་ཏ་ཐི་ཡིས་དེ་ལྟར་བརྗོད།
མངག་ཐོ་ཡོད་ཚེ་ལག་རྩལ་མུ་མཐུད་དུ་རྒྱུད་འཛིན་བྱེད་ཐུབ། ལས་གཉེར་ཁང་དེ་ནང་མིག་སྔར་ཐང་ག་སློབ་མཁན་མི8ཡོད་པ་དང་། དེ་དག་ལ་རིན་མེད་སྒོས་སྡོད་ཁང་དང་ཟ་མ་མཁོ་འདོན་བྱེད་བཞིན་ཡོད། ཐང་ག་ཡག་པོ་བྲིས་ནས་མི་སྔར་ལས་མང་པོར་རྒྱུས་ལོན་ཡོད་པར་གྱུར་ན་ང་ཡིད་ཚིམ་པ་ཡིན་ཞེས་བསོད་ནམས་ནོར་བུ་ཡིས་དེ་ལྟར་བརྗོད།
ལག་རྩལ་རྒྱུད་འཛིན་བྱེད་པའི་ཞོར་དུ་ཐང་ག་དགའ་མཁན་མི་མང་པོར་གར་སྟེགས་ལྟ་བུ་མཁོ་འདོན་བྱས་པ་མ་ཟད། རང་གི་སྒོ་ཁ་ནས་ལས་ཞུགས་མངོན་འགྱུར་བྱུང་། བསོད་ནམས་ནོར་བུའི་རུ་ཁག་ཧུར་གྱིས་གཟུགས་འདས་སློབ་རར་བསྐྱོད་པའི་བྱ་འགུལ་ནང་ཞུགས་ཏེ་ཐང་ག་སོགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་སྲོལ་རྒྱུན་རིག་གནས་སློབ་གསོ་སྤེལ་བས་མི་སྔར་ལས་མང་པོས་གཟུགས་འདས་རྒྱུད་འཛིན་བྱེད་པའི་གསོན་ཤུགས་མཐོང་།
ད་ལོར། ལས་གཉེར་ཁང་རིམ་སྤར་བྱས་པ་དང་། བསོད་ནམས་ནོར་བུ་ཡིས་འབར་ཁམས་ཁྱད་ཆོས་ལྡན་པའི་རྒྱལ་རོང་ཐང་ག་དང་རྒྱལ་རོང་བསླས་འཐག བོད་སྤོས་མཉམ་དུ་ཟུང་འབྲེལ་བྱས་ཏེ་རྒྱལ་རོང་གཟུགས་འདས་གསོན་རྣམ་འགྲེམ་སྟོན་ཁང་འཛུགས་པའི་འཆར་གཞི་ཡོད། ཁོས་རྒྱལ་རོང་རིག་གནས་ལ་གསོན་ཤུགས་རྒྱས་པར་གྱུར་ནས་རྣམ་པ་གསར་བས་མིང་གྲགས་ཆོད་འཇུག་འདོད་པ་རེད།

དུས་མཚུངས་སུ། མི་སྔར་ལས་མང་པོས་རང་གི་སྒོ་ཁ་ནས་ལས་ཞུགས་བྱས་ཏེ། གཟུགས་འདས་རྒྱུད་འཛིན་དང་ཁྱིམ་ཚང་ཕྱུག་འགྱུར་ལས་དོན་གཉིས་སྤེལ་ཕྱིར་འབར་ཁམས་རྒྱལ་རོང་ལག་བདེ་ཚེམ་དྲུབ་མཉམ་ལས་ཁང་དུག་ཐོག་རུ་བཙུགས་པ་དང་། དེས་ཁྱིམ་ཚང་བུད་མེད་ཚོས་རང་གི་དུས་ཚོད་བེད་སྤྱད་དེ་མངག་ཐོག་དང་ལེན་བྱེད་བཞིན་ཡོད་པས་ལག་རྩལ་བརྟེན་ནས་འབབ་འཕར་མངོན་འགྱུར་བྱུང་།
སྔོན་ཆད་ཡུལ་སྲུང་ནས་ལས་རྒྱུ་མང་པོ་མེད། ད་ལྟ་རྒན་པ་དང་བྱིས་པར་བདག་སྐྱོང་བྱེད་པའི་ཞོར་དུ་ལག་རྩལ་གསོ་སྦྱོང་ནང་ཞུགས་པ་དང་། ཡོང་འབབ་སྔར་ལས་འཕར་བ་རེད་ཅེས་འབར་ཁམས་གྲོང་རྡལ་ཚེ་དཔལ་གྲོང་ཚོའི་གྲོང་མི་ཚེ་དབང་གིས་དེ་ལྟར་བརྗོད། མོས་ལས་གསེང་དུ་མཉམ་ལས་ཁང་ལས་ལོ་གསུམ་རིང་ལ་ལག་རྩལ་སྦྱངས་པས་མིག་སྔར་ཟླ་གཅིག་ལ་བརྟན་བརླིང་ངང་སྒོར2000ཡོང་འབབ་ཡོད།
“སྔོན་ཆད་ཐོན་རྫས་རིགས་ཉུང་ལ། ད་ལྟ་རིགས20ལྷག་གི་ཐོན་རྫས་པེ་ཅིན་དང་ཧྲང་ཧའེ། ཀུང་ཀྲུའུ་སོགས་སུ་འཚོང་བཞིན་ཡོད”ཅེས་འབར་ཁམས་ལག་བདེ་ཚེམ་དྲུབ་མཉམ་ལས་ཁང་གི་འགན་ཁུར་མི་སྣ་རིན་སྒྲོན་མཚོ་ཡིས་དེ་ལྟར་བརྗོད། མཉམ་ལས་ཁང་གིས“དྲ་ཐོག+ཡུལ་དངོས”མཉམ་བསྐྱོད་བྱས་པ་དང་། ཡུལ་དངོས་སུ་འགྲེམ་སྟོན་ནང་ཞུགས་པ་བརྒྱུད་དེ་ཡུལ་སྐོར་པས་ཞོར་དུ་ཐོན་རྫས་ཉོ་ཆོག དྲ་ཐོག་ནས་ན་གཞོན་ཚེམ་དྲུབ་བུ་མོ་ཚོས་ཐད་གཏོང་བརྒྱུད་དེ་བརྙན་མིག་མདུན་དུ་མེ་ཏོག་གཙག་དྲུབས་ཀྱི་གོ་རིམ་སྟོན་པས་ཐོན་རྫས་མྱུར་སྐྱེལ་ལ་བརྟེན་ནས་རྒྱལ་ཡོངས་གྲོང་ཁྱེར་སོ་སོར་བསྐྱོད་པ་རེད།
“མཉམ་ལས་ཁང་གི་ཐོན་རྫས་ནང་བོད་ཀྱི་སྲོལ་རྒྱུན་ཚེམ་དྲུབ་རྒྱལ་ཡོངས་ནས་མིང་དུ་གྲགས་པ་རེད། འཁྱགས་སྒམ་སྦྱར་རྫས། རྒྱབ་སྔས། མཁྲིག་རྒྱན་སོགས་ཀྱི་ཐོན་རྫས་ཆུང་ཆུང་ལ་ཡུལ་སྐོར་པའི་དགའ་བསུ་ཐོབ་བཞིན་ཡོད། མཉམ་ལས་ཁང་བཙུགས་པའི་ཚུན་བསྡོམས་པས་རིགས་སོ་སོའི་གསོ་སྦྱོང46སྤེལ་བ་དང་། གསོ་སྦྱོང་མི་ཐེངས 3600ཟིན་ཡོད”ཅེས་རིན་སྒྲོན་མཚོས་དེ་ལྟར་བརྗོད། ད་ལོར་མཉམ་ལས་ཁང་གི་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི60ཟིན་པ་དང་། གཙག་དྲུབས་བུ་མོ་ལ་ལས་རང་གི་མཉམ་ལས་ཁང་བཙུགས་པས་ཁྱིམ་ཚང་བརྒྱ་ལྷག་ལ་ཕན་ཐོགས་པ་མ་ཟད། ཡུལ་སྐོར་པ་དང་སློབ་མ་མང་པོ་ལག་རྩལ་རོལ་མྱོང་བྱེད་དུ་ཡོང་བ་རེད།
ཉེ་བའི་ལོ་འགའི་རིང་། འབར་ཁམས་གྲོང་ཁྱེར་གྱིས་ཁྱད་ལྡན་ཐོན་ལས་གསོ་སྐྱོང་ནས་ནུས་རྩལ་གནད་ཁེལ་གསོ་སྦྱོང་། ཁྱིམ་སྡོད་གང་འཚམ་ལས་ཞུགས་ནས་བརྟན་བརླིང་འབབ་འཕར་མངོན་འགྱུར་བྱུང་བས། སྲོལ་རྒྱུན་ལས་ཞུགས་ཀྱི་ས་ཆ་དང་དུས་ཀྱི་ཚད་བཀག་གཏོར། “ཁྱིམ་སྡོད་གང་འཛམ་ལས་ཞུགས+གཟུགས་འདས་རྒྱུད་འཛིན”གྱི་དཔེ་དབྱིབས་བརྒྱུད་དེ་མང་ཚོགས་སྔར་ལས་མང་པོ་རང་གི་སྒོ་ཁ་ནས་ལས་ཞུགས་ཐུབ་པར་གྱུར། དུས་མཚུངས་སུ་གྲངས་འཛིན་དཔལ་འབྱོར་གྱི་གནས་ཚུལ་འོག་གློག་ཚོང་ཐད་གཏོང་སྟེགས་བུ་བརྒྱུད་དེ་འབར་ཁམས་ཀྱི་གྲོང་ཚོའི་རྣམ་པ་དང་ཡུལ་སྲོལ་གོམས་གཤིས། ཁྱད་ལྡན་ཐོན་རྫས་དྲིལ་སྒྲོག་བྱས་པས། ཡུལ་སྐོར་པ་སྔར་ལས་མང་པོ་ཡུལ་སྐོར་ལྗོངས་གཟིགས་དང་། གཟུགས་འདས་རོལ་མྱོང་བྱེད་དུ་ཡོང་། གཞན་ཡང་ཞིང་ལས་ཐོན་རྫས་ཕྱིར་འཚོང་བགྲོད་ལམ་རྒྱ་བསྐྱེད་དེ་གྲོང་གསེབ་དར་སྤེལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་བསྣན་པ་རེད།
“ད་ལོར། ང་ཚོས་ཐེངས་མང་པོར་སྲིད་ཇུས་དྲིལ་སྒྲོག་ཚོགས་འདུ་བསྡུས་ཏེ་འབར་ཁམས་གྱི་མང་ཚོགས་ལ་ལས་ཞུགས་ལས་གཏོད་ཀྱི་རྒྱབ་སྐྱོར་སྲིད་ཇུས་དང་། ལས་རིགས་ནུས་རྩལ་གསོ་སྦྱོང་སོགས་ཀྱི་ནང་དོན་བསྒྲགས་ཤིང་། དེའི་དམིགས་ཡུལ་ནི་མང་ཚོགས་ལ་རང་གི་སྒོ་ཁ་ནས་ལས་ཞུགས་བྱས་ཏེ་འབབ་འཕར་ཡོང་བའི་སྐོར་རྒྱུས་ལོན་བྱེད་དུ་འཇུག་འདོད”ཅེས་འབར་ཁམས་གྲོང་ཨུ་དྲིལ་སྒྲོག་པུའུ་རྒྱུན་ལས་པུའུ་ཀྲང་གཞོན་པ་ཞ་ཧའེ་ཅོན་གྱི་དེ་ལྟར་བརྗོད། མང་ཚོགས་ལས་དོན་གྱི“སེ་འབྲུའི་རྡོག་པོ”བཟོ་སྐྲུན་ལ་བརྟེན་ནས་འབར་ཁམས་གྲོང་ཁྱེར་གྱིས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱུན་མཐུད་ངང“སྒོ་ཁའི་ལས་ཞུགས་བཟོ་ལས་ཁང”གི་ཐོན་ཁུངས་སྔོག་འདོན་བྱས་ནས་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བྱེད་པའི་བགྲོད་ལམ་གསར་པ་དང་། ཐབས་ལམ་གསར་པ་འཚོལ་ཞིབ་ཀྱིས་ངལ་རྩོལ་པ་ཁྲི་ཁྲི་འབུམ་འབུམ་གྱིས་རང་གི་སྒོ་ཁ་ནས་ལས་ཞུགས་བྱེད་པའི་རེ་འདུན་མངོན་འགྱུར་བྱེད་དུ་བཅུག །




