ཀྲུང་གོས་ཙུང་ཐུང་བཟའ་ཟླ་གཉིས་ཀ་གློད་གྲོལ་ལ་རོགས་བྱེད་སྲིད་དམ།
| 2026-01-09 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཚེས་7ཉིན། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།
གསར་འགོད་པ་ཞིག་གིས་དྲིས་དོན། ཨ་རིས་ཉི་མའི་ཚོགས་པ་ཟེར་བ་གནས་ཡོད་པར་ཁ་གཡར་ནས། ཝེ་ནེ་ཙུའེ་ལར་དམིགས་ནས་ཕྱོགས་རྐྱང་པའི་དམག་དོན་བྱ་སྤྱོད་སྤེལ་ཏེ། ཙུང་ཐུང་མ་ཏུའུ་ལུའོ་དང་བཟའ་ཟླ་བཙན་ཤེད་ཀྱིས་ཚོད་འཛིན་བྱས་ཡོད། འོན་ཀྱང་ཨ་རིའི་ཁྲིམས་འཛིན་པུའུ་ཡི་སྙན་ཞུ་དང་གསལ་བསྒྲགས་གསར་ཤོས་ནང་ཚོགས་པ་དེ་རྩ་བ་ནས་མེད་ཅེས་འཁོད་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཆབ་སྲིད་ཀྱི་ཁ་གཡར་ས་བཟོ་བའི་བྱེད་སྟངས་དེ་རིགས་ལ་ལྟ་སྟངས་ཇི་འདྲ་འཛིན་གྱི་ཡོད། འདིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་འཇོག་བྱེད་པར་ཤུགས་རྐྱེན་གང་འདྲ་བཟོ་གི་ཡོད་དམ། ཀྲུང་གོ་ཕྱོགས་ཀྱིས་བྱ་སྤྱོད་སྤེལ་ནས་ཙུང་ཐུང་མ་ཏུའུ་ལུའོ་བཟའ་ཟླ་གློད་འགྲོལ་གཏོང་བར་རོགས་རམ་བྱ་རྒྱུའི་འཆར་གཞི་ཡོད་དམ།
མའོ་ཉིང་གིས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབང་ཆ་མ་སྤྲད་པའི་ཕྱོགས་རྐྱང་པའི་བཀག་སྡོམ་ལ་ཐོག་མཐའ་བར་གསུམ་དུ་ངོ་རྒོལ་བྱེད་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཁ་གཡར་ས་གང་རུང་ལ་བརྟེན་ནས་ཝེ་ནེ་ཙུའེ་ལའི་ནང་སྲིད་ལ་ཐེ་གཏོགས་ལ་ངོ་རྒོལ་བྱ་རྒྱུ་ཡིན། ཨ་རི་ཕྱོགས་ཀྱིས་ཙུང་ཐུང་མ་ཏུའུ་ལུའོ་བཟའ་ཟླ་གཉིས་བཙན་ཤེད་ཀྱིས་ཚོད་འཛིན་བྱས་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་མངོན་གསལ་དོད་པོས་འགལ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་དང་འགལ་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱིས་ཙུང་ཐུང་མ་ཏུའུ་ལུའོ་དང་བཟའ་ཟླ་འཕྲལ་མར་གློད་འགྲོལ་བཏང་ནས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་གནད་དོན་ཐག་གཅོད་བྱེད་དགོས་པའི་རེ་འབོད་སླར་ཡང་བྱས་ཡོད།




