ཧོ་ལན་གྱི་སྨྱན་བྱད་ཀྱིས་ཐི་ལིང་ཕུའུ་ཡིས་བྱང་ཆིངས“ཤེས་མེད་ཀྱི་ཁོངས”སུ་ཁྲིད་བཞིན་ཡོད་ཅེས་བཤད།
| 2026-01-12 来源:ཞིན་ཧྭ་གསར་འགྱུར་དྲ་བ། | 分享: |
ཉེ་ལམ་ཧོ་ལན་གྱི་སྨྱན་བྱད་གཙོ་བོ《མི་དམངས་ཚགས་པར》གྱིས་དེའི་དྲ་ཚིགས་སྟེང་དབྱེ་ཞིབ་རྩོམ་ཡིག་ཅིག་བཀོད་ནས།ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་བྱང་ཆིངས་རྩ་འཛུགས་དེ་ནང་ཁུལ་གྱི་བཙན་ཤེད་ཕྱི་འབྲེལ་དང་ཁྱད་མཚར་གྱི་རྣམ་པ་མཚོན་རྟགས་སུ་བྱས་པའི་ཤེས་མེད་ཀྱི་ཁོངས་སུ་ཁྲིད་བཞིན་ཡོད་པར་ངོས་འཛིན་བྱས། རྩོམ་ཡིག་གི་ནང་དོན་གནད་བསྡུས་གཤམ་གསལ་ལྟར།
ཐི་ལིང་ཕུའུ་ཡིས་ཀེ་ལིན་ལན་གླིང་ཕྲན་ཐོབ་པར་བྱེད་རྒྱུ་ཡིན་ཞེས་བཤད་ཡོད་པ་དང་།དེ་ནི་ཨ་རིའི་འགྱུར་མེད་ཀྱི་མནའ་འབྲེལ་གྲོགས་པོའི་གྲས་ཤིག་ཡིན་པའི་ཏེན་མག་གི་རང་སྐྱོང་མངའ་ཁོངས་ཤིག་རེད། ཁོའི་བྱ་སྤྱོད་དེ་ནི་རྒྱལ་སྤྱིའི་སྒྲིག་ལམ་ལ་གཏོར་བརླག་བྱས་པ་ཙམ་མིན་ཞིང་།ཉེ་སྔོན་ཝེ་ནེ་ཙུའེ་ལའི་སྲིད་འཛིན་བཙན་ཁྲིད་བྱས་པའི་བྱ་སྤྱོད་དེའི་སྟེང་ནས་དོན་དེ་སྔར་ལས་ར་སྤྲོད་གསལ་བོ་བྱེད་ཐུབ། ཐི་ལིང་ཕུའུ་ཡི་བྱ་སྤྱོད་རབ་དང་རིམ་པ་དེས་ཨ་རིའི་མནའ་འབྲེལ་མ་ལག་སྔར་ལས་བརྡིབས་སོང་བ་དང་། དེའི་གཏན་ཚིགས་ཀྱིས་མནའ་འབྲེལ་གྲོགས་པོ་རྣམས་ཧ་ལས་སུ་བཅུག་པར་མ་ཟད། ཁོ་ཚོ་མུ་མཐུད་དུ་དེ་ལྟར་འགྲོ་བ་དང་ཡང་ནས་ཕྱིར་འཐེན་བྱེད་དགོས་པའི་ཐད་ནས་དཀའ་ངལ་ལ་འཕྲད་ཡོད། གང་ལྟར་ཁོའི་སྐད་ཆ་རེ་རེ་དང་ཚུར་སྣང་རེ་རེ། ཐག་གཅོད་རེ་རེ་བཅས་ཚང་མས་ཡོ་རོབ་ཀྱི་འབྱུང་འགྱུར་ལ་ཤུགས་རྐྱེན་ཐེབས་སྲིད།
ཐི་ལིང་ཕུའུ་ཡིས་རྒྱུན་ཆད་མེད་པར་འཇིགས་སྐུལ་བྱས་པ་དེས་ཏེན་མག་གི་དབུ་བཞུགས་བློན་ཆེན་མེ་ཐེ·ཧྥུ་ལེ་ཙེ་ལི་ཁེ་སེན་ལ་མཚོན་ན་བཟོད་ཐབས་མེད་པའི་གནས་སུ་གྱར་ཡོད། ཁོས་ཁོང་ཁྲོ་ཆེན་པོས་ཨ་རིའི་སྲིད་གཞུང་ལ་རྒོལ་གཏམ་བཏང་པར་མ་ཟད། གལ་ཏེ་ཀེ་ལིན་ལན་གླིང་ཕྲན་བཙན་ཤེད་ཀྱིས་འཕྲོག་ཚེ། བྱང་ཆིངས་རྩ་འཛུགས་མཇུག་བསྒྲིལ་བའི་ཕྱོགས་སུ་བསྐྱོད་དགོས་ཞེས་བཤད། སྐད་ཆ་དེ་དག་ལ་གནས་ལུགས་མེད་པ་ཞིག་མིན་ཏེ། བྱང་ཆིངས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་རིན་ཐང་ལྟ་བ་ཁག་ཅིག་སྲུང་སྐྱོང་བྱས་ནས་ཕྱི་ཕྱོགས་ཀྱི་བཙན་འཛུལ་འགོག་རྒོལ་བྱེད་འདོད་ཡོད་ཅེས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་མོད། འོན་ཀྱང་མནའ་འབྲེལ་ནང་ཁུལ་དུ་མནའ་འབྲེལ་རྒྱལ་ཁབ་ཀྱི་མངའ་ཁོངས་བཙན་འཕྲོག་བྱེད་པའི་བྱ་སྤྱོད་གཏན་ནས་ཐོན་དུ་འཇུག་གི་མེད། ད་ལྟ་གཟབ་ནན་གྱི་སྨྱན་བྱད་ཁག་ཅིག་གིས་ཀྱང་གོང་གསལ་གྱི་གནས་ཚུལ་དེ་ཇི་ལྟར་འབྱུང་སྲིད་པར་གྲོས་བསྡུར་བྱེད་མགོ་བརྩམས་པ་དེའི་ཐོག་ནས།ཐི་ལིང་ཕུའུ་ཡིས་ཚད་གཞི་དང་མྱུར་ཚད་ཅི་འདྲ་ཞིག་གི་ཐོག་ནས་བྱང་ཆིངས་ལ་གནོད་སྐྱོན་བཟོ་བཞིན་ཡོད་པ་མཚོན་གྱི་ཡོད།
ཐི་ལིང་ཕུའུ་སྲིད་སྟེགས་སུ་བུད་རྗེས། ཚང་མ་སྔོན་དཔག་བྱེད་ཐབས་བྲལ་བ་སྟེ། བྱང་ཆིངས་ནི་ཤེས་མེད་ཁྱི་ཁོངས་སུ་སྐྱོད་བཞིན་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།




