རྒྱལ་ཁབ་འདིའི་ཙུང་ཐུང་ཟུར་པ་ལ་ཁྲིམས་ཐག་བཅད་འདུག
| 2026-01-17 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ས་གནས་དེའི་དུས་ཚོད་ཟླ་བ་དང་པོའི་ཚེས་བཅུ་དྲུག་ཉིན། ཁོ་རེ་ཡ་ལྷོ་མའི་ཁྲིམས་ཁང་གིས། གཞུང་དོན་སྒྲུབ་འགོག་སོགས་ནག་ཉེས་ཐོག་ནས་ཙུང་ཐུང་ཟུར་པ་དབྱི་ཞི་ཡུའེ་ལ་ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད།

ཉིན་དེའི་ཕྱི་དྲོར། ཁོ་རེ་ཡ་ལྷོ་མའི་སེའུ་ཀྲུང་དབྱང་ས་ཁུལ་མི་དམངས་ཁྲིམས་ཁང་གིས། ཙུང་ཐུང་ཟུར་པ་དབྱི་ཞི་ཡུའེ་ཡིས་ཛ་དྲག་ཉེན་ཟོན་དོ་དམ་ལག་བསྟར་བྱས་ནས་འཕྲད་པའི་སྐྱོན་བརྗོད་རབ་དང་རིམ་པའི་ནང་། ཙུང་ཐུང་ཉེན་སྲུང་ལས་ཁུངས་སྤྱད་ནས་ཞིབ་བཤེར་ལས་ཁུངས་ཀྱིས་ཁོང་འཛིན་པར་བཀག་པའི་དོགས་པ་ཡོད་པ་སོགས་ལ་དམིགས་ནས་ཁྲིམས་ཐག་བཅད་པ་རེད། འདི་ནི་དབྱི་ཞི་ཡུའེ་ལ་ཛ་དྲག་ཉེན་ཟོན་དོ་དམ་ལག་བསྟར་བྱས་ནས་འཕྲད་པའི་དོན་མང་པོའི་ཁྲོད་ཁྲིམས་ཁང་གིས་ཐེངས་དང་པོར་ཁྲིམས་ཐག་བཅད་པ་རེད། ཕྱི་ཕྱོགས་ཀྱི་དཔྱད་ཞིབ་ལྟར་ན། ཉིན་དེའི་ཁྲིམས་ཁང་གི་ཁྲིམས་བཅད་དེས་ཛ་དྲག་ཉེན་ཟོན་དོ་དམ་ལག་བསྟར་བྱེད་པ་དང་འབྲེལ་བའི་གྱོད་གཞི་གཞན་དག་ལའང་ཤུགས་རྐྱེན་ཐེབས་སྲིད་པ་མ་ཟད། གྱོད་གཞི་གཞན་དག་ལ་ཁྲིམས་ཐག་གཅོད་པའི་ཚད་གཞིར་འགྱུར་སྲིད་པ་རེད།
ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་ཟུར་པ་དབྱི་ཞི་ཡུའེ་ཡིས་༢༠༢༤ལོའི་ཟླ་༡༢ཚེས་༣ཉིན་གྱི་དགོང་མོར། བརྙན་འཕྲིན་ཐོག་གཏམ་བཤད་ནས། ཁོ་རེ་ཡ་ལྷོ་མའི་སྲིད་འཛིན་མིན་པའི་ཏང་གིས་རྒྱལ་ཚོགས་ནང་གྲོས་མི་མང་བའི་ལེགས་ཆ་ལ་བརྟེན་ནས། རྒྱལ་ཚོགས་ཚོད་འཛིན་ཐལ་དྲག་སྟེ་སྲིད་སྐྱོང་ལ་ཀར་ཀོར་བཟོ་འོང་ཟེར་ནས་ཛ་དྲག་ཉེན་ཟོན་དོ་དམ་བྱས་པ་རེད། ཁོ་རེ་ཡ་ལྷོ་མའི་རྒྱལ་ཚོགས་ཀྱིས་མཚན་དེར་ཛ་དྲག་ཚོགས་འདུ་འཚོགས་ནས་ཁོ་རེ་ཡ་ལྷོ་མའི་བཅའ་ཁྲིམས་ལྟར་ཉེན་ཟོན་དོ་དམ་མེད་པར་བཟོས་པ་དང་། དེ་རྗེས་དབྱི་ཞི་ཡུའེ་ཡི་ནག་ཉེས་ཐེར་འདོན་བྱེད་པ་རེད། ཁོ་རེ་ཡ་ལྷོ་མའི་རྩ་ཁྲིམས་ཁྲིམས་ཁང་གིས་ཟླ་བ་ཁ་ཤས་རིང་ཞིབ་གཅོད་བྱས་རྗེས་༢༠༢༥ལོའི་ཟླ་༤པར་ཁྲིམས་ཐག་བཅད་ཅིང་། ཉེན་ཟོན་དོ་དམ་སྤེལ་བ་ནི་ཁོ་རེ་ཡ་ལྷོ་མའི་རྩ་ཁྲིམས་དང་བཅའ་ཁྲིམས་དང་འགལ་བར་ངོས་འཛིན་བྱས་ནས། དབྱི་ཞི་ཡུའེ་གོ་གནས་ནས་ཕབ་པ་རེད།




