ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུན་ཁ་སླེབས་རྗེས་དགུན་སྐྱེལ་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་གནས་སྤར་ནས་སེམས་ཀྱི་ཉི་ཟླ་རྒྱལ་ཁབ་སྤྱི་གླིང་འདེམ་སྒུག་ཁུལ་དུ་བབས་པ་དང་། སྐྱེ་ཁམས་ལེགས་ཤིང་རླན་སའི་རྩྭ་ཆུ་འཛོམས་པའི་གནས་མཆོག་དེ་དུས་བྱ་དགུན་སྐྱེལ་བྱེད་པའི་ཞིང་ཁམས་སུ་གྱུར།
སེམས་ཀྱི་ཉི་ཟླ་རྒྱལ་ཁབ་སྤྱི་གླིང་འདེམ་སྒུག་ཁུལ་ནང་གི་བས་འཐག་མཚོ་ཁྱབ་ཁོངས་སུ་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་ཀྱིས་མི་ཡི་སེམས་བཀུག འདབ་ཆགས་དེ་དག་གིས་ཡང་ན་གཤོག་རྩལ་ངོམ་ནས་ལྡིང་བསྐོར་རྒྱག་བཞིན་ཡོད་ལ། ལ་ལས་གྲོགས་སྒྲིག་ནས་རླན་ས་ན་འདམ་ནས་སོས་དལ་ངང་རྒྱུ་བཞིན་ཡོད་པས་བག་ཕེབས་ངང་གནས་པ་རེད། ཁྲུང་ཁྲུང་སྐེ་ནག་དབུས་རྒྱུད་ཁྱུ་ཚོགས་ཀྱི་དགུན་སྐྱེལ་འཚོ་སྡོད་གནས་གལ་ཆེན་ཡིན་པའི་ཆ་ནས། ཡུལ་དེས་ལོ་རེར་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་དགུན་སྐྱེལ་དང་མཁོ་འདོན་བྱེད་པར་བསུས།
པར་འདི་ནི་སེམས་ཀྱི་ཉི་ཟླ་རྒྱལ་ཁབ་སྤྱི་གླིང་འདེམ་སྒུག་ཁུལ་དུ་སོས་དལ་བག་ཕེབས་སུ་རྒྱུ་བའི་ཁྲུང་ཁྲུང་སྐེ་ནག་རེད།
རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ་ཤུགས་ཡོད་ཚད་ཀྱིས་ཁྲུང་ཁྲུང་སྐེ་ནག་སོགས་ཀྱི་དགུན་སྐྱེལ་དུས་བྱ་བདེ་འཇགས་ངང་འཚོ་སྡོད་བྱེད་པ་དང་དགུན་སྐྱེལ་ཆེད། སེམས་ཀྱི་ཉི་ཟླ་རྒྱལ་ཁབ་སྤྱི་གླིང་འདེམ་སྒུག་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་གི“མཉམ་སྒྲིག་དམག་འཐབ”བརྒྱབ་པ་རེད། ཕྱོགས་གཅིག་ནས་ཁྲུང་ཁྲུང་སྐེ་ནག་སོགས་ཀྱི་འདབ་ཆགས་རིགས་ལ་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་འཇལ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཆུ་ལག་སྦྲེལ་མཐུད་གཙོ་བོར་འཛིན་པའི་ཞན་འགྱུར་རླན་སའི་སླར་གསོ་རྣམ་གྲངས་ལ་སྐུལ་འདེད་དང་། རླན་སའི་ས་དབྱིབས་བཅོས་སྐྲུན་གཙོ་བོར་འཛིན་པའི་འཚོ་སྡོད་གནས་ལེགས་སྒྱུར་ལས་དོན་སྤེལ། གཞན་ཡང་རྒྱུན་མཐུད་ངང་ཁྲུང་ཁྲུང་སྐེ་ནག་གི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བརྒྱུད་དེ་འཚོ་སྡོད་དགོས་མཁོ་སྐྲུན།
ལག་རྩལ་ནུས་བརྩལ་ཕྱོགས་ནས། སེམས་ཀྱི་ཉི་ཟླ་རྒྱལ་ཁབ་སྤྱི་གླིང་འདེམ་སྒུག་ཁུལ་གྱིས་གསར་སྐྲུན་སྒོས་རིག་ནུས་སྲུང་སྐྱོང་ཐབས་ལམ་གདན་འདྲེན་བྱས་ཏེ། འདབ་ཆགས་རིགས་ངོས་འཛིན་བྱེད་པའི་མ་ལག་གསར་སྤེལ་བྱས་པ་དང་། མ་ལག་དེར་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་ཀྱི་ཕྱི་རོལ་གནས་གཏན་ཁེལ་དམར་ཆས་བརྙན་མིག29ཚུད། AIརིག་ནུས་ལྟ་ཞིབ་ཚད་འཇལ་ལག་རྩལ་དང་ཟུང་འབྲེལ་གྱིས་སྐར་ཆ་གཅིག་ལ་ཐེངས30ཡན་གྱི་འདབ་ཆགས་རིགས་ཀྱི་འགུལ་སྐྱོད་ལ་ལྟ་ཞིབ་བྱེད་ཐུབ་པས། གཏིང་ཟབ་སློབ་སྦྱོང་དང་ངེས་འཛིན། དུས་ཐོག་ལྟ་ཞིང་ཚད་འཇལ། ངོས་འཛིན། དབྱེ་ཞིབ་སོགས་གཞི་གཅིག་ཅན་གྱི་ནུས་བ་ལྡན། དུས་མཚུངས་སུ། སེམས་ཀྱི་ཉི་ཟླ་རྒྱལ་ཁབ་སྤྱི་གླིང་འདེམ་སྒུག་ཁུལ་གྱིས་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་ལ་དམིགས་པའི་ངོས་འཛིན་ལག་རྩལ་སྙི་ཆས་ཉོ་སྒྲུབ་བྱས་པ་དང་། དེར་འདབ་ཆགས་རིགས་ངོས་འཛིན་དང་གྲངས་འབོར་བསྡུར་ཚད་བསྡོམས་རྩིས། འགུལ་སྐྱོད་ཁུལ་ལ་དབྱེ་ཞིབ་བྱེད་པ། དོན་མ་བྱུང་སྔོན་ལ་སྔོན་དཔག་བྱེད་པའི་ནུས་བ་ལྡན་པས། ནུས་ལྡན་ངང་ཁྲུང་ཁྲུང་སྐེ་ནག་སོགས་ཀྱི་འདབ་ཆགས་རིགས་ལ་རིག་ནུས་ཅན་དང་ཞིབ་ཕྲ་ཅན་གྱིས་དོ་དམ་བྱེད་པའི་ཆུ་ཚད་མཐོ་རུ་ཕྱིན།
རླན་སའི་སྐྱེ་ཁམས་སླར་གསོ་ཁྲོད། སེམས་ཀྱི་ཉི་ཟླ་རྒྱལ་ཁབ་སྤྱི་གླིང་འདེམ་སྒུག་ཁུལ་གྱི་ཆུ་ལག་སྦྲེལ་མཐུད་ཕན་འབྲས་མངོན་གསལ་ཐོབ། ཆུ་ཡུར་བཟོ་བ་དང་ཡང་ན་ཐད་ཀར་དུ་བཀག་འགོག་ཁྱབ་ཁོངས་རློག་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ་ཆུ་ལག་སོ་སོ་དང་རླན་ས་ནང་ཁུལ་ཆུ་ཡུར་ཆ་ཚང་བའི་རླན་སའི་མ་ལག་ཆགས། རང་བྱུང་གི་ཆུ་འཁོར་རྒྱུག་དང་ཆུ་བརྗེ་རེས་གོ་རིམ་ལྡན། རླན་ས་ཡིས་ཕྱི་རོལ་གནོད་སྐྱེལ་འགོག་པའི་ནུས་བ་དང་ཆུ་རང་གཙང་ནུས་བ་མཐོ་རུ་ཕྱིན་པ་མ་ཟད། ཆུའི་སྤུས་ཚད་ཀྱང་མཐོ་རུ་ཕྱིན་པས་ཁྲུང་ཁྲུང་སྐེ་ནག་འཚོ་སྡོད་གནས་ཀྱི་རླན་སའི་སྐྱེ་ཁམས་གནས་ཚུལ་ལེགས་པར་གྱུར།
གཞན་ཡང་། སེམས་ཀྱི་ཉི་ཟླ་རྒྱལ་ཁབ་སྤྱི་གླིང་འདེམ་སྒུག་ཁུལ་གྱིས་རླན་སའི་ས་དབྱིབས་བཅོས་སྐྲུན་བྱས་པ་དང་། འདམ་ནང་གི་འབག་རྫས་གཙང་སེལ་དང་ས་དབྱིབས་སྐྲུན་པ། ས་ངོས་སྲུང་སྐྱོང་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པས་རྨང་གཞི་སླར་གསོ་བྱས་པ་དང་། རླན་སའི་རང་བྱུང་ཆུ་རིས་དང་ཁོར་ཡུག་སྐས་ཚད། རང་བྱུང་ས་འབུར་སོགས་རྒྱུན་འཁྱོངས་བྱས། ཆར་དུས་དང་ཐན་དུས་བརྗེ་རེས་དང་རླན་སའི་ཆུ་གནས་རང་བྱུང་འགྱུར་ལྡོག་བྱུང་བ་བརྒྱུད། སླར་གསོ་རྗེས་ཀྱི་རླན་ས་ལ་ལའི་ས་དབྱིབས་ཀྱིས་རང་བྱུང་ངང་རྩྭ་ཐང་དང་ན་འདམ། སྲབ་གྲམ་སོགས་ཀྱི་སྣ་མང་རང་བཞིན་གྱི་ཁྱབ་ཁོངས་སུ་གྲུབ་པས། ཁྲུང་ཁྲུང་སྐེ་ནག་སོགས་ཀྱི་འདབ་ཆགས་རིགས་མི་མཐུན་པས་ཁ་ཟས་འཚོལ་བ་དང་འཚོ་སྡོད་བྱེད་པ། རིགས་རྒྱུད་སྤེལ་བའི་འགུལ་སྐྱོད་དགོས་མཁོ་སྐྲུན། དགུན་སྐྱེལ་འཚོ་སྡོད་གནས་དེར་འགུག་ཤུགས་ཡོད་པ་རེད། །




