ཞི་ཅིན་ཕིང་གིས་ཝེད་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཞལ་པར་བསྐྱོན།
| 2026-01-27 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཟླ་བ་དང་པོའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེད་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཞལ་པར་བསྐྱོན་པ་རེད།
ཞི་ཅིན་ཕིང་གིས་ཝེད་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་བཞི་པ་བདེ་བླག་ངང་འཚོགས་ཤིང་།སྐུ་ཉིད་ཀྱིས་ཝེད་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བསྟུད་བཞེས་གནང་བར་རྟེན་འབྲེལ་ཞུས། བློ་མཐུན་སྤྱི་ཁྱབ་ཧྲུའུ་སུའུ་ལིན་ཡིས་ཝེད་ནམ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཝེད་ནམ་ཀྱིས་ཝེད་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་བཞི་པའི་དམིགས་འབེན་ལས་འགན་ཁག་ལེགས་པར་གྲུབ་ནས། སྔ་མོ་ནས་ཝེད་ནམ་གྱིས་ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་བརྩོན་དམིགས་འབེན་འགྲུབ་པའི་ཡིད་ཆེས་ཡོད། ཀྲུང་གོ་དང་ཝེད་ནམ་གྱིས་ལམ་ལུགས་མི་འགྱུར་བ་དང་། འདུན་པ་མི་འགྱུར་བ་རྒྱུན་འཁྱོངས་ཏེ། མཐུན་སྒྲིལ་མཉམ་ལས་ཀྱིས་འཕེལ་རྒྱས་གཏོང་ཞིང་ལག་རྡང་སྦྲེལ་ནས་མ་འོངས་ཕྱོགས་སུ་བསྐྱོད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས། མིག་སྔར་ཀྲུང་གོ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་བརྩོན་དམིགས་འབེན་ཕྱོགས་སུ་འབད་བཞིན་ཡོད། ཝེད་ནམ་གྱིས་མི་རིགས་འཕེལ་རྒྱས་ཀྱི་དུས་རབས་གསར་པ་འབྱེད་ཡོད་ལ། ང་ཚོས་ངེས་པར་དུ་ཡིད་ཆེས་བརྟན་པོ་དང་། དྲང་འཛིན་གསར་གཏོད་བྱས་ཏེ། རིགས་སོ་སོའི་ཉེན་ཁ་འགྲན་སློང་འགོག་སེལ་དང་། མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་སྲུང་སྐྱོང་བྱས་ཏེ། ཀྲུང་གོ་དང་ཝེད་ནམ་གྱི་འབྲེལ་བའི་ཆབ་སྲིད་ངོ་བོ་ལ་འགྱུར་བ་མེད་པར་བྱ་དགོས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་སློབ་སྦྱོང་ཇེ་དྲག་བཏང་ནས། མཐོ་རིམ་མཇལ་འཛོམས་དང་། གཞུང་ལུགས་བགྲོ་གླེང་། ལས་བྱེད་གསོ་སྦྱོང་སོགས་ནང་རྐྱེན་ལ་བརྟེན་ནས། རྒྱུན་ཆད་མེད་པར་ཏང་གི་སྲིད་འཛིན་ཆུ་ཚད་དང་རྒྱལ་ཁབ་བཅོས་སྐྱོང་ནུས་པ་མཐོར་གཏང་དགོས། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ཇེ་དྲག་དང་། ཆུ་ཚད་མཐོ་བའི་གཉིས་ཁེ་མཉམ་ལས་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་ལས་ལྷག་པའི་ཕན་བདེ་བསྐྲུན་ཏེ། མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་དགོས། ཕྱོགས་གཉིས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་རོགས་རེས་ཇེ་དྲག་བཏང་སྟེ། མཉམ་དུ་བཙན་དབང་རིང་ལུགས་དང་ཤོག་ཁག་ལ་ཁ་གཏད་ངོ་རྒོལ་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱ་དགོས་ཞེས་ནན་གསུང་གནང་།
སུའུ་ལིན་གྱིས་ཀྲུང་གུང་ཀྲུང་དབྱང་གིས་ཝེད་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་བཞི་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུ་བར་བཀའ་དྲིན་ཞུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁོང་ཝེད་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་ཡང་བསྐྱར་བདམས་པར་བཀྲ་ཤིས་སྨོན་འདུན་ཞུས་པར་བཀའ་དྲིན་ཞུས། ཝེད་ནམ་གུང་ཁྲན་ཏང་ཚོགས་ཆེན་བཅུ་བཞི་པའི་གྲུབ་འབྲས་གཙོ་བོ་དམིགས་སུ་བཀར་ནས་ངོ་སྤྲོད་བྱས། ཁོང་གིས་ཝེད་ནམ་གྱིས་རྒྱང་ལམ་གསར་པའི་ཐོག་ཀྲུང་གོ་དང་ལག་རྡང་མཉམ་དུ་སྦྲེལ་ཞིང་། སྔ་ལས་ལྷག་པར་དྲུག་གི་བླང་བྱ་ལྟར། སྤྱི་ཚོགས་རིང་ལུགས་ཁྱིམ་མཚེས་བར་གྱི་མཛའ་མཐུན་མཉམ་ལས་རྒྱུན་མི་ཆད་པར་ཟབ་སྤེལ་གཏོང་བ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཝེད་ནམ་འཕེལ་རྒྱས་གཏོང་བར་བློ་སྒོ་ཕྱེ་པ་དང་ཉམས་མྱོང་རྩ་ཆེན་འདོན་ཡིན། ཝེད་ནམ་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་དང་། མུ་མཐུད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པའི་འདུ་ཤེས་དང་རྒྱུད་ཅིག་ལམ་གཅིག་གྲོས་འགོ་དང་། འཛམ་གླིང་གྲོས་འགོ་ཆེན་པོ་བཞིར་མུ་མཐུད་ནས་རྒྱབ་སྐྱོར་དང་། ཀྲུང་གོ་དང་ཆབ་སྲིད་ཡིད་ཆེས་ཇེ་དྲག ཕྱི་འབྲེལ་རྒྱལ་སྲུང་དང་སྤྱི་བདེ་རམ་འདེགས། ཁྱབ་ཁོངས་སོ་སོའི་ནང་གི་དོན་གཉེར་མཉམ་ལས་ཟབ་སྤེལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་མཛའ་མཐུན་བརྩེ་བ་གསོ་སྐྱོང་། འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག་རམ་འདེགས་ཇེ་དྲག་གཏོང་བ། ཕྱོགས་མང་རིང་ལུགས་སྐུལ་སྤེལ། སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་དེ་ཝེད་ནམ་དང་ཀྲུང་གོའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་དགོས་ཞེས་གསུངས།
ཞི་ཅིན་ཕིང་དང་སུའུ་ལིན་གྱིས་ཕན་ཚུན་ལ་དཔྱིད་གསར་དུས་ཆེན་ལ་འཚམས་འདྲི་ཞུས་ཤིང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་སྔ་ལས་བདེ་སྐྱིད་ལྡན་པར་ཐུགས་སྨོན་གནང་།




