བརྩེ་བ་མཐོ་སྒང་ལ་གཏད་དེ་རང་འགན་སྒྲུབ་ཅིང་སེམས་འདུན་ཐོག་མ་སྲུང་། མ་འོངས་པར་འབད་པས་བསྐྱོད་དེ་འཕེལ་རྒྱས་གསར་པར་གཞོགས་འདེགས་བྱེད།
| 2026-01-28 来源:ཀྲུང་གོ་བོད་ཀྱི་དྲ་བ། | 分享: |

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་འཛུབ་སྟོན་དུ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གཏམ་བཤད་ཀྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ཏེ། “ཆེས་ཆེ་བ་གསུམ”དང“སྔར་ལས་གལ་ཆེ་བ་གསུམ”གྱི་ཐབས་ཇུས་གནས་ངེས་ལ་དམ་པོར་འབྲེལ་བ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལྟེ་བར་བཟུང་ནས་འཆར་འགོད་དཔེ་རིས་གཏན་འཁེལ་བྱས་ཏེ་གནད་ཁེལ་ནུས་བསྟབས་ཁྲོད་དོན་དངོས་འབྲས་བུ་བླངས་ཡོད།
སྐྱེ་ཁམས་སྲུང་སྐྱོབ་ཐད། འགན་ནུས་སྒྲུབ་པའི་ཕན་འབྲས་ལ་བརྟེན་ནས“ཀྲུང་ཧྭའི་ཆུ་ལྕོག”གི་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པ་དང་། རྩྭ་ཐང་སླར་གསོ་དང་འདམ་ར་སྲུང་སྐྱོབ་སོགས་ཀྱི་འགག་རྩའི་གྲོས་གཞིར་དམིགས་ནས་ཆེད་དོན་བརྟག་ཞིབ་བྱས་ཏེ“བཅོས་སྐྱོང་སླར་གསོའི་ཇུས་གཞི་འཐུས་ཚང་དུ་གཏོང་བ”དང“ཐཱན་འདུས་ཚད་ལེན་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་རྒྱུར་འཚོལ་ཞིབ་བྱེད་པ”སོགས་ཐད་ཀྱི་གྲོས་གཞི་དེ་དག་འབྲེལ་ཡོད་ལག་བསྟར་ཇུས་གཞིའི་ནང་བཅུག་པ་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་སོགས་ཀྱི་སྲོག་ཤིང་དམིགས་ཚད་ལ་དམིགས་ནས་ས་ནག་བཅོས་སྐྱོང་སོགས་ཀྱི་ཆེད་དོན་དམངས་གཙོའི་ལྟ་སྐུལ་བྱས་ཏེ་སླར་གསོའི་མ་དངུལ་མི་འདང་བ་དང་ལག་རྩལ་གྱི་འདེགས་སྐྱོར་ཞན་པ་སོགས་ཀྱི་དཀའ་གནད་སྔར་བས་ཐག་གཅོད་ཡག་པོ་ཐུབ་རྒྱུར་སྐུལ་འདེད་བཏང་། སྐྱེ་ཁམས་ཁོར་ཡུག་ཚད་ལེན་ནུས་པ་འཛུགས་སྐྲུན་དང་ཆབ་རོམ་བྲི་བའི་སྐྱེ་ཁམས་ཉེན་བརྡ་སོགས་ཀྱི་གྲོས་གཞི་དང་སྤྱི་ཚོགས་གནས་ཚུལ་དང་མི་དམངས་ཀྱི་སེམས་འདུན་ཆ་འཕྲིན་དང་ལེན་བྱས་པ་དང་ཨ་མྱེས་རྨ་ཆེན་རི་རྒྱུད་ཀྱི་ཆུ་ཁོངས་གསོ་སྐྱོང་སོགས་སྐྱེ་ཁམས་ལས་གཞི་གལ་ཆེན་དག་བདེ་བླག་དང་ལག་བསྟར་བྱས། གྲོང་རྡལ་གྱི་ནགས་ཚལ་འདེབས་འཛུགས་དང་དོ་དམ་སྲུང་སྐྱོབ། གད་སྙིགས་དང་སྙིགས་ཆུ་ཐག་གཅོད་བྱེད་པའི་ཞན་ཆ་སོགས་ལ་དམིགས་ནས་ཨུ་ཡོན་ཚོས་ལྟ་ཞིབ་བྱས་ཏེ་རྒྱུན་གཏན་ཅན་གྱི་དོ་དམ་སྲུང་སྐྱོང་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་བ། ཁོངས་ཡོངས་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་འཛུགས་རྒྱུར་རོགས་རམ་བྱས།
དཔལ་འབྱོར་འཕེལ་རྒྱས་ཐད། ཐབས་དང་ཇུས་གཞི་གནད་ལ་འཁེལ་བས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་པ་དང་། གཟན་རྩྭའི་གསོག་འཇོག་དང་འདྲེན་འཚོང་ཁྲོམ་ར་ཅན་དང་། ནོར་ནག་དང་བོད་ལུག་ཚོང་ཟོང་ཅན། ཞིང་འབྲོག་ཐོན་རྫས་སྐྱེ་ལྡན་ཅན་བཅས་ལ་ཆེད་དོན་བརྟག་ཞིབ་བྱས་ཏེ། “མགོ་ལོག་གི་ནོར་ནག”དང“རྨ་སྟོད་ཀྱི་བོད་ལུག”སོགས་ཐོན་རྫས་ལྔར་ཞིང་འབྲོག་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཁས་ལེན་དཔང་འདོན་ལ་སྐུལ་འདེད་དགེ་མཚན་ལྡན་པ་བཏང་བ་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་གཞན་སྒྱུར་བྱེད་ཚད56%ནས63.6%བར་མཐོ་རུ་བཏང་། གྲོང་གསེབ་ཡུལ་སྐོར་གྱི་ཞན་ཆར་དམིགས་ནས་ཞིང་འབྲོག་གི་རིག་གནས་ཡུལ་སྐོར་ཚོང་དོན་མཉམ་འདྲེས་ལ་ཤུགས་སྣོན་རྒྱག་པ་དང་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་རྒྱུ་སོགས་ཕྱོགས་མང་པོའི་ཐད་ཀྱི་གྲོས་འགོ་བཏོན་ནས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་མགོ་ལོག་ཁུལ་གྱི་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་ལོ་རེར་ཆ་སྙོམས15.45%འཕར་རྒྱུར་ཕན་ནུས་ལྡན་པའི་གཞོགས་འདེགས་བྱས་ཡོད།
དམངས་འཚོ་འགན་སྲུང་ཐད། དམངས་འཚོའི་གནས་ཚུལ་ལ་གཞིགས་ནས་ཐུན་མོང་ཕྱུག་འགྱུར་གྱི་དམངས་སེམས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་བ་དང་། ས་གནས་གཞན་དུ་སློབ་སྒྲུབ(འཛིན་གྲྭ་གཉེར་བ)སོགས་ཀྱི་བརྟག་ཞིབ་གཟིགས་སྐོར་བྱས་ཏེ། ཁུལ་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར17བཏང་ནས་སློབ་གྲྭ136གསར་སྐྲུན་དང་བསྒྱུར་སྐྲུན། རྒྱ་སྐྱེད་བཅས་བྱས་པ་དང་། སློབ་གནས་ཁྲི1.02གསར་སྣོན་བྱས་ཤིང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད97.2%བར་མཐོ་རུ་བཏང་ཡོད། གཞི་རིམ་གྱི་སྨན་བཅོས་ཞབས་ཞུ་ཇེ་ལེགས་སུ་གཏོང་བར་དམིགས་ནས་སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཨུ་ཡོན་སྒྲིག་འཛུགས་བྱས་ནས། སྨན་བཅོས་འགན་བཅོལ་ཞབས་ཞུའི་གནས་ཚུལ་ལ་བརྟག་ཞིབ་བྱས་ཏེ། ཞང་གྲོང་འཕྲོད་བསྟེན་ཁང་ཚད་ལྡན་ཅན་དུ་གཏོང་ཚད་100%ཟིན་པར་སྐུལ་འདེད་བཏང་བ་དང་། གཞོན་ནུའི་ངལ་རྩོལ་ནུས་ཤུགས་ལས་ཞུགས་ཀྱི་ཆེད་དོན་བརྟག་ཞིབ་བྱས་ནས་ངལ་ནུས་སྤུས་རྟགས་གསོ་སྐྱོང”དང“ལས་ཞུགས་མ་ལག་སྐྲུན་པ”སོགས་ཀྱི་གྲོས་འགོ་བཏོན་ནས“6+1+N”ལས་ཞུགས་མ་ལག་ཆེན་པོ་སྐྲུན་པར་སྐུལ་འདེད་བཏང་བ་དང་མི་གྲངས་ཁྲི4.2ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་པ་དང་། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལས་ཞུགས་མི་གྲངས་ཁྲི8.01ལ་སླེབས་ཡོད།
མི་རིགས་མཐུན་སྒྲིལ་ཐད། སེམས་ཤུགས་གཅིག་སྒྲིལ་གྱིས་འཆམ་མཐུན་འཕེལ་རྒྱས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་གྱི་ཆེད་དོན་བརྟག་ཞིབ་བྱས་ནས་ཞིང་ཆེན་སྲིད་གྲོས་ལ《རྨ་སྟོད་ཀྱི་རྨ་ཆུའི་ཆུ་འགོ་འཛམ་གླིང་རང་བྱུང་ཤུལ་བཞག་ལ་རེ་ཞུ་བྱེད་པའི་སྐོར་གྱི་གྲོས་འགོ》ཕུལ་བ་དང་། གཞི་རིམ་བཅོས་སྐྱོང་གི་མཐིལ་རྟོགས་རྟོག་ཞིབ་དམ་འཛིན་བྱེད་པ་འཆིང་གཟུང་དུ་བྱས་ཏེ་མི་རིགས་མཐུན་སྒྲིལ་དེ་གྲོང་གསེབ་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས“པད་མའི་ཉམས་མྱོང”རིམ་སྤར་བྱེད་རྒྱུ་ཁྱབ་གདལ་ཧུར་ཐག་གིས་བཏང་བ་དང་།“རིམ་བཞིའི་དུད་ཚང་སྦྲེལ་བའི་ལམ་ལུགས”དང“དུད་ཚང་བཅུ་ཡི་འགོ་བའི་ལམ་ལུགས”ལེགས་སྒྱུར་གྱི་ཐབས་འདོན་ཇུས་འབུལ་བྱས་ནས།“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་བཅོས་སྐྱོང་ལྔ”ཡི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་སྔར་བས་འཐུས་ཚང་དུ་གཏོང་རྒྱུར་གཞོགས་འདེགས་བྱས་ཡོད།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་། མགོ་ལོག་ཁུལ་སྲིད་གྲོས་ཀྱིས་མགོ་ལོག་ཁུལ་ཨུའི“གཞི་གཅིག་དང་། འཁོར་ལོ་གཉིས། ཀ་བ་བཞི”ཡི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་དམ་པོར་དམིགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་གཙོར་བྱས་ཏེ། ལས་འགན་ལེགས་སྒྲུབ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལྟེ་བའི་ལས་དོན་དང་མཉམ་པོར་བསྐྱོད་ཡོད། སྔར་བས་འགྱུར་མེད་ཀྱི་ཡིད་ཆེས་དང་དངོས་སྒྲུབ་ཀྱི་སྤྱོད་ཚུལ། སྔར་བས་དཔའ་ཉམས་ཆེ་བ་བཅས་ཀྱི་ཐོག་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མགོ་ལོག་གི་ལེའུ་གསར་པ་རྩོམ་ཆེད་བློ་གྲོས་ཀྱི་སྟོབས་ཤུགས་གཅིག་སྡུད་དང་ལས་འགན་གྱི་ལེའུ་གསར་པ་རྩོམ་ཆེད་རིག་པ་བསྒྲིམས་ནས་ལས་དོན་སྤེལ་བ་རེད། །




