ལྷོ་ཁ་གྲོང་ཁྱེར་གྱི་ནུས་ཁུངས་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་ཕྱིན་པ།
| 2026-01-28 来源:ཀྲུང་གོ་བོད་ཀྱི་དྲ་བ། | 分享: |

འདི་ནི་ལྷོ་ཁ་གྲོང་ཁྱེར་དུ་ཡོད་པའི་འོད་ཤུགས་རྣམ་གྲངས་ཀྱི་སྤྱིའི་བཀོད་པ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2025ལོར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་ནུས་ཁུངས་གཙང་མའི་ཐོན་ལས་གཞི་རྟེན་དུ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ནུས་ཁུངས་འཕེལ་རྒྱས་ལ་མཆོང་སྐྱོད་རྣམ་པའི་ཚད་བརྒལ་གསར་བ་བྱུང་ཡོད། ལོ་འདིར་ལྷོ་ཁ་གྲོང་ཁྱེར་གྱིས་ནུས་ཁུངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་དང་ཕན་འབྲས་ཆེ་རུ་བཏང་བ་དང་། དག་གཙང་ཐཱན་ཉུང་དུ་སྒྱུར་བའི་ཕན་འབྲས་མངོན་གསལ་ཡིན་པ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ནུས་ཁུངས་འཕེལ་རྒྱས་འཆར་འགོད་ལེགས་པར་འགྲུབ་ནས་གློག་ཤུགས་ཀྱི་གློག་ཤོང་ཚད་དང་། གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད། གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་ལྡབ་འཕར་གསུམ་གྱི་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། འོད་ཤུགས་དང་རླུང་ཤུགས་གློག་འདོན། ཆུ་གློག་སོགས་ཀྱི་ཤུགས་མཉམ་འདོན་བྱས་ནས་ནུས་ཁུངས་འདོན་སྤྲོད་ཀྱི་ནུས་པ་བརྟན་པོའི་ངང་འཕར་བ་དང་། ཐོན་ཁུངས་རང་མཁོ་རང་སྤྲོད་ཐུབ་ཚད་དང་སླར་སྐྱེ་ནུས་ཁུངས་ཀྱི་ཤོང་ཚད་བསྡུར་གྲངས་སོགས་ལྟེ་བའི་དམིགས་ཚད་ཚང་མ100%རྒྱུན་འཁྱོངས་བྱས་ཏེ། ལྗོངས་ཡོངས་ཀྱི་ནུས་ཁུངས་ཚུལ་སྒྱུར་གྱི་ཚད་ཤིང་ལྟ་བུར་གྱུར་ཡོད་པ་མ་ཟད། དངོས་གནས་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་གསར་བར་ལྗང་མདོག་འགུལ་ནུས་བསྣན་ཡོད།
2025ལོར། ལྷོ་ཁ་གྲོང་ཁྱེར་གྱིས་གཙོ་གནད་ནུས་ཁུངས་རྣམ་གྲངས་ཐད་གཏན་འཇགས་རྒྱུ་ནོར་མ་འཇོག་སྒོར་དུང་ཕྱུར50.56བཏང་ཤིང་། གཏན་འཁེལ་བྱས་པའི་དམིགས་འབེན་ཚད་བརྒལ་ལེགས་འགྲུབ་བྱུང་བ་མ་ཟད་གྲོང་ཁྱེར་ཡོངས་ཀྱི་ལས་རིགས་སོ་སོའི་གོ་གནས་ཨང་དང་པོར་གནས་ཡོད། ནུས་ཁུངས་གསར་བ་གསར་སྤེལ་རྒྱུན་མཐུད་ཇེ་མགྱོགས་སུ་བཏང་ནས་ལོ་ཧྲིལ་བོར་ནུས་ཁུངས་གསར་བའི་གློག་ཤུགས་ཀྱི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གློག་ཤོང་ཚད་སྟོང་ཝ་ཁྲི65གསར་འཕར་བྱུང་བ་དང་། བསྡོམས་པས་གློག་འདོན་ཚད་སྟོང་ཝ་དུང་ཕྱུར75.02ལ་སླེབས་པ། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་སྟོང་ཝ་དུང་ཕྱུར15.13དང་། ཕྱིར་སྐྱེལ་བའི་གློག་ཤུགས་སྟོང་ཝ་དུང་ཕྱུར58ལ་སླེབས་ནས་ཐོན་སྐྱེད་དང་མཁོ་སྤྲོད། གསོག་འཇོག ཕྱིར་འཚོང་བཅས་ཀྱི་མ་ལག་ཉིན་བཞིན་འཐུས་ཚང་དུ་ཕྱིན་ཡོད། ཧྭ་ནོང་ཆུ་གསུམ་སྐྱ་བ་འོད་ཤུགས་གློག་འདོན་ས་ཚིགས་དང་ཧྭ་ནོང་ཆུ་གསུམ་སྟོད་གཟིགས་རླུང་ཤུགས་གློག་འདོན་རྣམ་གྲངས་སོགས་ཚད་ཤིང་རང་བཞིན་གྱི་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་སྐྲུན་མགོ་བརྩམས་ཤིང་། དེའི་ནང་ཧྭ་ནོང་འཕྱོངས་རྒྱས་མཁོ་སྤྲོད་འགན་སྲུང་རླུང་ཤུགས་རྣམ་གྲངས་ཀྱི་སའི་གོ་ལའི་ཐོག་འཁོར་རྒྱུག་བྱེད་བཞིན་པའི་མཚོ་འཕགས་མཐོ་ཤོས་ཀྱི་རླུང་ཤུགས་གློག་འདོན་ས་ཚིགས་ཀྱི་ཟིན་ཐོ་བཏོད་པ་དང་། སྣེ་གདོང་ཚེ་སྤོང་དང་མཚོ་སྨད་གྲི་གུ་སོགས་རྣམ་གྲངས་སྐོར་ཞིག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ལ་གཏིང་ཤུགས་ཆེན་པོ་བསགས་ཡོད།
ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་ལ་བརྟེན་ནས་ནུས་ཁུངས་འཕེལ་རྒྱས་སྐུལ་ཁྲིད་བྱས་ཏེ། ཏང་འཛུགས་སྐྱོང་དང་ལས་སྒོ་གཏིང་ཟབ་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་། རྩ་བའི་རིགས་པ་འགྲེལ་བཤད+ཡུལ་དངོས་ལྟ་སྦྱོང་བྱ་བ་སྒྲུབ་སྟངས་གསར་གཏོད་བྱས་ནས་ལོ་ཧྲིལ་བོར་ཆེད་དོན་ཞིབ་འཇུག་གྲོས་བསྡུར་དང་ཡུལ་དངོས་སྤེལ་རེས་ཐེངས5སྤེལ་བ་དང་། གཙོ་གནད་རྣམ་གྲངས14འཛུགས་སྐྲུན་གྱི་བུམ་སྐེ་འཕྲང་འགག་གནད་དོན་ཐག་གཅོད་བྱས་པ། རྒྱལ་ཁབ་ཕྱི་ནང་གི་ནུས་ཁུངས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་མཁས་དབང་གདན་དྲངས་ཏེ། གནད་འགག་གྲོས་གཞིར་དམིགས་ནས་ཞིབ་འཇུག་གྲོས་བསྡུར་གཏིང་ཟབ་བྱས་པ་དང་ཐོན་ལས་འཕེལ་རྒྱས་ལ་རྒྱང་ལྟའི་རང་བཞིན་གྱི་བསམ་ཕྱོགས་མཁོ་འདོན་བྱས་པ། དེ་དང་ཆབས་ཅིག ནུས་ཁུངས་མ་ལག་གཞི་རིམ་གྱི་ཁེ་ལས་ནང་གང་ལེགས་སྤྱད་དེ་བསྡོམས་པས་ནུས་ཁུངས་ཁྱབ་ཁོངས་ཀྱི་གནད་དོན་གཙོ་བོ28ཐག་གཅོད་བྱས་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་གྲོས་གཞི5སྒྲུབ་གཉེར་བྱས་ཤིང་། སྒྲུབ་གཉེར་བྱེད་ཚད་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཚང་མ100%ལ་སླེབས་ནས་ནུས་ཁུངས་འཕེལ་རྒྱས་གྲུབ་འབྲས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ལ་ཕན་བདེ་སྐྲུན་ཡོད།
ལྷོ་ཁ་གྲོང་ཁྱེར་གྱིས་ནུས་ཁུངས་བདེ་འཇགས་ཐོན་སྐྱེད་གོ་གནས་ཨང་དང་པོར་བཞག་ནས་སྡེ་ཁག་དབར་གྱི་མཉམ་འགུལ་ལ་ཤུགས་བསྣན་ནས་ཕྱོགས་ཡོངས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་མ་ལག་བསྐྲུན་པ། ལོ་ཧྲིལ་བོར་དུས་བཅད་ལྟར་སྐྲུན་ཟིན་པ་དང་སྐྲུན་བཞིན་པའི་ནུས་ཁུངས་རྣམ་གྲངས་བདེ་འཇགས་ཞིབ་བཤེར་སྤེལ་བ། ནུས་གསོག་སྒྲིག་བཀོད་ལ་དམིགས་ནས་ཆེད་དམིགས་ལྟ་སྐུལ་དོ་དམ་ལས་དོན་སྤེལ་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཚབས་ཆེན་གཅིག་ཀྱང་མ་བྱུང་། 2026ལོར། ལྷོ་ཁ་གྲོང་ཁྱེར་གྱིས་ནུས་ཁུངས་གསར་བའི་མ་ལག་འཛུགས་སྐྲུན་གྱི་དམིགས་འབེན་ལ་དམིགས་ནས་ནུས་ཁུངས་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་ཤོང་ཚད་སྟོང་ཝ་ཁྲི70ལ་འཕར་བ་དང་མ་འཇོག་སྒོར་དུང་ཕྱུར58ཡན་ལེགས་པར་འགྲུབ་པ་བརྩོན་ལེན་བྱེད་པ། མུ་མཐུད་དུ་ལྗོངས་ཡོངས་ཀྱི་ནུས་ཁུངས་གཙང་མ་ཐཱན་ཉུང་ཕྱོགས་སུ་སྒྱུར་བར་སྣེ་ཁྲིད་བྱེད་དགོས། །




