ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་དབྱི་ལིང་ལ་དམིགས་པའི་དམག་དོན་འགུལ་སྐྱོད་ལ་རྒྱང་ནས་ལྟད་མོར་བལྟ་མི་སྲིད་པའི་ཚུལ་བསྟན།
| 2026-01-28 来源:ཤིན་ཧྭ་གསར་འགྱུར་དྲ་བ། | 分享: |
ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་འགོ་ཁྲིད་པ་ཁཱ་ཞི་མུའུ་ཡིས་ཚེས26ཉིན་བསྟན་དོན། དབྱི་ལིང་ལ་དམིགས་པའི་དམག་དོན་འགུལ་སྐྱོད་གང་ཡིན་ཡང་། ཀྲིན་ཀྲུའུ་ཏང་གིས་རྒྱང་ནས་ལྟད་མོར་བལྟ་མི་སྲིད་པ་དང་། རིགས་དེ་མཚུངས་ཀྱི་འགུལ་སྐྱོད་ལས་ཁྱབ་རྒྱ་སྔར་ལས་ཆེ་བའི་ས་ཁུལ་གྱི་འཁྲུག་རྩོད་འབྱུང་སྲིད་པའི་ཉེན་བརྡ་བཏང་།
ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་ཁོངས་སུ་གཏོགས་པའི་གློག་སྒྲོན་མཆོད་རྟེན་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཁཱ་ཞི་མུའུ་ཡིས་གཏམ་བཤད་སྤེལ་སྐབས་བསྟན་དོན། གལ་ཏེ་དབྱི་སི་རལ་དང་ཨ་མེ་རི་ཁས་དབྱི་ལིང་ལ་བཙན་འཛུལ་བྱས་ན། ང་ཚོས་བབ་དང་བསྟུན་ནས་འགུལ་སྐྱོད་སྤེལ་སྲིད་པ་དང་། དབུས་གནས་ཀྱི་རྣམ་འགྱུར་འཛིན་མི་སྲིད། དབྱི་ལིང་ལ་དམིགས་པའི་འཐབ་འཁྲུག་གང་ཡིན་ཡང་ས་ཁུལ་ཧྲིལ་བོར་ཤུགས་རྐྱེན་ཐེབས་སྲིད་ཟེར། ཁོས་བསྐྱར་བསྒྲགས་བྱས་དོན། ཀྲིན་ཀྲུའུ་ཏང་གིས་བློ་བརྟན་འགྱུར་མེད་ཀྱིས་དབྱི་ལིང་གཙོ་བྱས་པའི་དབྱི་སི་རལ་ལ་ངོ་རྒོལ་བྱེད་པའི་མནའ་འབྲེལ་གྱི་འགོག་ནུས་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།
དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ལ་དམིགས་པའི་འཇིགས་ཉེན་གླེང་སྐབས་ཁཱ་ཞི་མུའུ་ཡིས་བསྟན་དོན། རིགས་དེ་མཚུངས་ཀྱི་གཏམ་བཤད་ནི་མི་སྒེར་ལ་དམིགས་པར་མ་ཟད། སྔར་ལས་རྒྱ་ཆེ་བའི་དེའི་རྗེས་འདེད་མཁན་ལའང་འཇིགས་ཉེན་བཟོས་ཡོད་ཟེར། ཁོས་བསྟན་དོན། ཧཱ་མཱེ་ནེ་དབྱེ་ལ་གནོད་སྐྱེལ་ན། ཐད་ཀར་དུ་ས་ཁུལ་གྱི་གཏན་འཇགས་དང་ཀྲིན་ཀྲུའུ་ཏང་གི་བདེ་འཇགས་ལ་འཇིགས་ཉེན་བཟོས་པ་ཡིན་ལ། དབྱི་ལིང་གི་འགོ་ཁྲིད་རིམ་པར་དཀྲུག་འཕེན་བྱས་ན་ཤུགས་རྐྱེན་སྔར་ལས་ཆེན་པོ་འབྱུང་སྲིད་ཟེར།




