ཡུག་རེན་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་གཏམ་བཤད་གསར་ཤོས།
| 2026-01-29 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཟླ་1ཚེས་28ཉིན་གྱི་གློག་འཕྲིན། ཡུག་རེན་གསར་འགྱུར་ཁང་གིས་བསྒྲགས་དོན་གཞིགས་ན། ས་གནས་དུས་ཚོད་27ཉིན་ཡུག་རེན་གྱི་ཕྱི་འབྲེལ་པུའུ་ཀྲང་སི་པི་ཅ་ཡིས་བསྟན་དོན། ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཕྲད་བྱས་ནས་ཞི་བདེའི་འཆར་གཞི་ཁྲོད་ཀྱི་གནད་དོན་གལ་ཆེན་གཉིས་ཏེ། མངའ་ཁོངས་དང་ཀྲ་པོ་ལོ་རེ་ཉིང་ཤུགས་གློག་ཁང་གི་གནད་དོན་ཐག་གཅོད་བྱེད་འདོད་ཡོད།
སི་པི་ཅ་ཡིས་ཕྱི་རྒྱལ་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཡུག་རེན་གྱིས་དོན་ཚན་20ཡོད་པའི་ཞི་བདེའི་འཆར་གཞི་ཞིག་ལ་མིང་རྟགས་འགོད་འདོད་ཡོད། འདི་ནི་ཕྱོགས་གཉིས་ཀྱི་ཡིག་ཆ་ཞིག་ཡིན་པ་དང་། ཨ་རི་དང་ཡུག་རེན་གྱིས་མིང་རྟགས་འགོད་རྒྱུ་ཡིན། གཙོ་བོ་ནི་འཆར་གཞི་དེར་ཆོག་མཆན་ཐོབ་ཐུབ་མིན་ལ་རག་ལས་ཡོད།
ཁོང་གིས་བསྟན་དོན། མིག་སྔར་སྣང་འཇོག་ཆེན་པོ་བྱེད་དགོས་པའི་གནད་དོན་ཏེ། མངའ་ཁོངས་དང་ཀྲ་པོ་ལོ་རེ་ཉིང་ཤུགས་གློག་ཁང་གི་གནད་དོན་ད་དུང་ཐག་གཅོད་ཐུབ་མེད། སི་པི་ཅ་ཡིས་ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ གནད་དོན་འདི་དག་ཐག་གཅོད་བྱེད་ཆེད་དུ་ཕུའུ་ཅིང་དང་མཇལ་འཕྲད་བྱས་ནས་གྲོས་བསྡུར་བྱེད་འདོད་ཡོད་ཅེས་བཤད།
གནས་འཕྲིན་སྔོན་མ་སྤེལ་བར་གཞིགས་ན། ཨུ་རུ་སུ་དང་། ཨ་རི། ཡུག་རེན་བཅས་རྒྱལ་ཁབ་གསུམ་གྱི་འཐུས་མི་ལས་གྲུབ་པའི་བདེ་འཇགས་གནད་དོན་ལས་དོན་ཚོ་ཆུང་2026ལོའི་ཟླ་1ཚེས་23ཉིན་ནས་24ཉིན་བར་ཨ་རབ་མཉམ་འབྲེལ་ཚོགས་པའི་རྒྱལ་ས་ཨ་པུའུ་ཏ་པི་རུ་གྲོས་མོལ་བགྱིས་ཡོད། འདི་ནི་2022ལོའི་ཟླ་2པར་ཡུག་རེན་གྱི་ཉེན་ཁ་ཆེན་པོ་བྱུང་བའི་ཚུན་ལ། ཨུ་རུ་སུ་དང་། ཨ་རི། ཡུག་རེན་བཅས་རྒྱལ་ཁབ་གསུམ་གྱི་ཐོག་མའི་འབྲེལ་གཏུག་ཡིན། ཕྱོགས་གསུམ་པོས་དམག་མཚམས་འཇོག་རྒྱུ་དང་དེའི་ཆེད་དུ་དགོས་པའི་བདེ་འཇགས་ཆ་རྐྱེན་ཐད་གྲོས་བསྡུར་བྱས་ཡོད་ཀྱང་། ཐུན་མོང་དུ་ངོས་འཛིན་བྱུང་དོན་སྐོར་བསྒྲགས་མེད། ཙེ་ལེན་སི་ཅི་ཡིས་ཚེས་26ཉིན་བསྟན་དོན། ཡུག་རེན་དང་། ཨ་རི། ཨུ་རུ་སུ་བཅས་ཀྱི་འཐུས་མི་ཚོགས་པས་ཟླ་2ཚེས་1ཉིན་སྐོར་ཐེངས་གསར་པའི་གྲོས་མོལ་བྱེད་ཤས་ཆེ།




