ཞི་ཅིན་ཕིང་གིས་ཧྥིན་ལན་གྱི་ཙུང་ལི་ལ་ཐུག་འཕྲད་གནང་།
| 2026-01-29 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཟླ་བ་དང་པོའི་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞི་འཚམས་འདྲི་གནང་བཞིན་པའི་ཧྥིན་ལན་གྱི་ཙུང་ལི་ཨའོ་ཨེར་པའོ་ལ་ཐུག་འཕྲད་གནང་བ་རེད།
ཞི་ཅིན་ཕིང་གིས་ ཧྥིན་ལན་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་བཙུགས་མཁན་སྔ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་དོན་དྲུག་ནང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་ནའང་། ཀྲུང་གོ་དང་ཧྥིན་ལན་བར་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་འཕེལ་རྒྱས་བྱུང་འབྱུང་བཞིན་ཡོད་ལ། ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་ལྟ་སྟངས་འཛིན་པ། མ་འོངས་པར་ཁ་ཕྱོགས་པ། གཉིས་ཁེ་མཉམ་ཕན་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་དང་ཧྥིན་ལན་མི་དམངས་ལ་ཞུམ་པ་མེད་ཅིང་སྤོབས་པོ་ཆེ་ལ། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ཡིད་རྟོན་ཇེ་བརྟན་དང་། སྤེལ་རེས་ཇེ་མང་། མཉམ་ལས་ཇེ་ཟབ། སོ་སོའི་རྒྱལ་ཁབ་འཕེལ་རྒྱས་གཏོང་བར་རོགས་འདེགས་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་སྔར་ལས་མང་པོ་བསྐྲུན་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧྥིན་ལན་བར་གྱི་མཛའ་བརྩེ་དང་ཕན་ཚུན་བར་གྱི་ཡིད་རྟོན་ལ་ལོ་རྒྱུས་ཀྱི་རྨང་གཞི་བརྟན་པོ་ཡོད། ད་ལོ་ནི་ལོ་ལྔ་ཚན་གྱི་འཆར་གཞི་ཨང་བཅོ་ལྔ་པ་འགོ་ཚུགས་པའི་ལོ་རེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོན་པོའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་གཏོང་བ་ཡིན། ཕྱོགས་གཉིས་ཀྱིས་གཉིས་ཁེ་མཉམ་ལས་ཇེ་ཟབ་དང་། ནུས་ཁུངས་ལུགས་བསྒྱུར། དཔལ་འབྱོར་འཁོར་སྐྱོད། ཞིང་ལས་དང་ནགས་ལས་ཀྱི་ཐོན་ལས། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ནང་གཉིས་ཁེ་མཉམ་ལས་སྔར་ལས་མང་པོ་བསྐྲུན་རྒྱུ་ཡིན། ཧྥིན་ལན་གྱི་ཁེ་ལས་ཀྲུང་གོའི་ཚོང་ར་ཆེན་པོའི་ནང་ཞུགས་ནས་ཚོང་གཉེར་བྱས་ཏེ་འཛམ་གླིང་གི་འགྲན་རྩོད་ནུས་ཤུགས་མཐོར་འདེགས་གཏོང་བར་དགའ་བསུ་ཡོད། ཧྥིན་ལན་ནི་གངས་འཁྱགས་སྟོབས་ལྡན་རྒྱལ་ཁབ་ཡིན་ལ། ཀྲུང་གོ་ཡང་གངས་འཁྱགས་རྒྱལ་ཁབ་ཆེན་པོར་གྱུར་ཡོད་པས། ཕྱོགས་གཉིས་ཀྱིས་སྤེལ་རེས་མཉམ་ལས་ཇེ་ཟབ་བཏང་ནས། གངས་འཁྱགས་ཀྱི་མཛའ་བརྩེ་རྒྱུན་བསྲིང་དགོས། ཧྥིན་ལན་གྱི་མི་དམངས་ཀྲུང་གོར་ཡོང་ནས་གནའ་བོའི་ཀྲུང་གོ་དང་ད་ལྟའི་ཀྲུང་གོར་རྒྱུས་མངའ་བྱེད་པར་དགའ་བསུ་ཡོད་ཅེས་ནན་གསུང་གནང་།
ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་འཛམ་གླིང་ལ་ཉེན་ཁའི་འགྲན་སློང་སྣ་མང་འཕྲད་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་ཁ་གཏད་འཇལ་དགོས། རྒྱལ་ཁབ་ཆེན་པོས་ཁྱད་པར་དུ་སྣེ་ཁྲིད་ནས་འདྲ་མཉམ་དང་། ཁྲིམས་སྐྱོང་། མཉམ་ལས། ཡིད་རྟོན་བཅས་ལ་དོ་ཁུར་བྱེད་དགོས། ཀྲུང་གོས་ཧྥིན་ལན་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་ལྟེ་གནས་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པ་དང་། མཉམ་དུ་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་བ། འདྲ་མཉམ་དང་གོ་རིམ་ཡོད་པའི་ངང་འཛམ་གླིང་སྣ་མང་ཅན་དང་། ཡོངས་ཕན་ཁོག་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ཡོ་རོབ་ནི་རོགས་ཟླ་ཡིན་པ་ལས་འགྲན་ཡ་མ་ཡིན་ལ། ཕྱོགས་གཉིས་ཀྱི་མཉམ་ལས་དེ་འགྲན་རྩོད་ལས་ཆེ་ཞིང་། ངོས་འཛིན་གཅིག་མཐུན་དེ་འགལ་བ་ལས་ཆེ་བ་རེད། ཧྥིན་ལན་གྱིས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་བརྟན་པོར་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཨའོ་ཨེར་པོ་ཡིས་ ཧྥིན་ལན་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བརྩེ་ཟབ་ཅིང་། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དེ་ཕན་ཚུན་བརྩི་བཀུར་དང་། ཕན་ཚུན་ཡིད་རྟོན་གྱི་རྨང་གཞིའི་ཐོག་བཙུགས་པ་དང་། ཡུན་རིང་བརྟན་པོའི་ངང་འཕེལ་རྒྱས་བྱུང་ཡོད། ན་ནིང་ཕྱོགས་གཉིས་ཀྱིས་མཉམ་དུ་ཕྱི་འབྲེལ་བཙུགས་ནས་ལོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུས་ཡོད། ཧྥིན་ལན་གྱི་ཁེ་ལས་ཀྲུང་གོར་ཡོང་ནས་མཉམ་ལས་བྱེད་པར་སྤྲོ་སྣང་ཆེན་པོ་ཡོད། ཧྥིན་ལན་གྱིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ངོས་འཛིན་གཅིག་མཐུན་གལ་ཆེན་ལག་བསྟར་བྱེད་པ་དང་། མཐོ་རིམ་བར་འགྲོ་འོང་། ཉོ་ཚོང་དང་དངུལ་གཏོང་། ཨང་ཀིའི་དཔལ་འབྱོར། འབག་མེད་ནུས་ཁུངས། ཞིང་ལས་སོགས་ཁྱབ་ཁོངས་ནང་གི་དོན་གཉེར་མཉམ་ལས་ཇེ་ཟབ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་བསྐྲུན་འདོད་ཡོད། ཧྥིན་ལན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྦད་དེ་ལག་བསྟར་བྱེད་པ་དང་། ཧྥིན་ལན་གྱིས་ཀྲུང་གོའི་འཕེལ་རྒྱས་ཐད་ཀྱི་གྲུབ་འབྲས་གལ་ཆེན་ལ་ཡིད་སྨོན་ཡོད། ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་བཏོན་པར་བསྟོད་བསྔགས་བྱེད་འོས་པ་རེད། ཀྲུང་གོ་དང་མཉམ་དུ་སྤེལ་རེས་དང་མཐུན་སྦྱོར་ཇེ་ཟབ་བཏང་ནས། འཛམ་གླིང་ཞི་བདེ་དང་བརྟན་བརླིང་ཡོང་བར་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད། ཡོ་རོབ་དང་ཀྲུང་གོའི་བར་གྱི་འབྲེལ་བ་དགེ་མཚན་རང་བཞིན་གྱིས་འཕེལ་རྒྱས་གཏོང་བར་གལ་ཆེན་པོ་རེད། ཧྥིན་ལན་གྱིས་ཡོ་རོབ་ཀྱི་འཐབ་ཇུས་རང་བདག་བྱེད་པ་དང་། རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པ། ཡོ་རོབ་དང་ཀྲུང་གོས་ཉོ་ཚོང་འགལ་བའི་གནད་དོན་ཐག་གཅོད་འོས་འཚམ་བྱས་ནས། འབྲེལ་བ་དེ་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་གསུངས་པ་རེད།
ཝང་དབྱི་ཐུག་འཕྲད་ནང་ཞུགས།




