ཞི་ཅིན་ཕིང་གིས་ཟིམ་པབ་ཝེའི་འཐབ་མོ་བ་རྒན་པར་འཕྲིན་ལན་སྤྲིངས།
| 2026-01-30 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཟླ་བ་དང་པོའི་ཚེས་ཉེར་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟིམ་པབ་ཝེའི་བཅིངས་འགྲོལ་དམག་འཁྲུག་ནང་ཞུགས་པའི་འཐབ་མོ་བ་རྒན་པར་འཕྲིན་ལན་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས། ཁྱོད་ཚོ་ལོ་ཆུང་སྐབས་ནས་མི་རིགས་བཅིངས་འགྲོལ་བྱ་གཞག་ནང་ཞུགས་ཤིང་། ཕ་ཡུལ་དང་རིང་དུ་གྱེས་ཏེ་ཀྲུང་གོ་དང་འབྲལ་ཐབས་མེད་པའི་འཐབ་འཛིང་པའི་བརྩེ་བ་ཟབ་མོ་ཆགས་ཡོད་ལ། ད་ལྟ་ད་དུང་ཀྲུང་གོ་དང་ཟིམ་པབ་ཝེའི་མཛའ་མཐུན་དང་། ཀྲུང་གོ་དང་ཧྥེ་གླིང་གི་མཛའ་བརྩེ་སེམས་སུ་བཟུང་ཡོད་པས་སེམས་འགུལ་ཆེན་པོ་ཐེབས་པ་ཞིག་རེད་ཅེས་གསུངས།
ཞི་ཅིན་ཕིང་གིས། ༢༠༢༦ལོ་ནི་ཀྲུང་གོ་དང་ཧྥེ་གླིང་བར་ཕྱི་འབྲེལ་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་ལོ་ཡིན་ལ། ཀྲུང་གོ་དང་ཧྥེ་གླིང་གི་མི་ཆོས་རིག་གནས་སྤེལ་རེས་ལོའང་ཡིན། ལོ་ངོ་བདུན་ཅུའི་རིང་། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་ཧྥེ་གླིང་གི་མི་རིགས་བཅིངས་འགྲོལ་དང་བྱ་གཞག་འཕེལ་རྒྱས་གཏོང་བའི་འཐབ་གྲོགས་བཟང་པོ་དང་རོགས་ཟླ་ཡག་པོ་ཡིན། ཧྥེ་གླིང་གི་གྲོགས་པོ་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་རྒྱབ་སྐྱོར་བྱས་ནས། མཉམ་དུ་གཟི་བརྗིད་ལྡན་པའི་ལོ་ཟླ་བསྐྱལ་ཞིང་། མཉམ་དུ་དེང་རབས་ཅན་གྱི་རྒྱང་སྐྱོད་གསར་པར་བསྐྱོད་ཡོད། ཀྲུང་གོས་ཀྲུང་གོ་དང་ཧྥེ་གླིང་གི་མཉམ་ལས་གླེང་སྟེགས་པེ་ཅིན་རྩེ་འཛོམས་གྲོས་ཚོགས་ཀྱི་གྲུབ་འབྲས་ལག་ལེན་བསྟར་བ་དེ་གོ་སྐབས་སུ་བཟུང་ནས། ཧྥེ་གླིང་དང་མཉམ་དུ་སྲོལ་རྒྱུན་མཛའ་མཐུན་རྒྱུན་འཛིན་དར་སྤེལ་དང་། མཉམ་དུ་ཀྲུང་གོ་དང་ཧྥེ་གླིང་གི་འབྲེལ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་འདོད་ཡོད། ཁྱེད་ཚོས་ཧྥེ་གླིང་གི་ན་གཞོན་སྔར་ལས་མང་པོ་ཀྲུང་གོ་དང་ཟིམ་པབ་ཝེ། ཀྲུང་གོ་དང་ཧྥེ་གླིང་གི་མཛའ་མཐུན་བྱ་གཞག་ནང་ཞུགས་པར་སྣེ་ཁྲིད་པའི་རེ་བ་ཡོད་ཅེས་ནན་གསུང་གནང་།
ཞི་ཅིན་ཕིང་གིས། ཀྲུང་གོའི་རབ་རྒྱན་མེ་ཕོ་རྟ་ལོའི་ལོ་གསར་པ་ཐོན་ལ་ཉེ་བས། ཀྲུང་གོ་དང་ཧྥེ་གླིང་ཕྱོགས་གཉིས་ཀྱིས་རྟ་ཕོའི་བང་རྩལ་ཡངས་པའི་ངར་རྒྱུག་རིང་པོ་ལྟར།ལག་རྡང་མཉམ་དུ་སྦྲེལ་ཏེ་ཁྱོན་ཡོངས་ནས་དུས་རབས་གསར་པའི་ཀྲུང་གོ་དང་ཧྥེ་གླིང་གི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་བཙུགས་ནས། མུ་མཐུད་དུ་ཀྲུང་གོ་དང་ཧྥེ་གླིང་མཛའ་མཐུན་རྒྱུན་སྐྱོང་བའི་རེ་བ་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཀྲུང་གོས་ཧྥེ་གླིང་གི་བཙན་རྒྱལ་རིང་ལུགས་དང་མི་སེར་སྤེལ་ཡུལ་ཕྱེད་ཀར་ངོ་རྒོལ། མི་རིགས་བཅིངས་འགྲོལ་སོགས་ལ་རྒྱབ་སྐྱོར་བརྟན་པོ་བྱས་ཡོད་ཅེས་ནན་གསུང་གནང་།
ཉེ་ཆར། ཟིམ་པབ་ཝེའི་བཅིངས་འགྲོལ་དམག་འཁྲུག་ནང་ཞུགས་པའི་འཐབ་མོ་བ་རྒན་པས་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། ཀྲུང་གོས་ཟིམ་པབ་ཝེའི་མི་རིགས་བཅིངས་འགྲོལ་ལ་རྒྱབ་སྐྱོར་བླ་མེད་གནང་བར་སེམས་གཏིང་ནས་བཀའ་དྲིན་ཞུས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཁྲིད་པའི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དུས་རབས་གསར་པར་གྲུབ་འབྲས་ཡག་པོ་བླངས་པར་ཡིད་སྨོན་ཤོར་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་སྐྱོད་གསར་པ་བཏོད་དེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་མིག་དཔེ་ཡག་པོ་བསྟན་ཡོད་ལ། ཀྲུང་གོ་དང་ཟིམ་པབ་ཝེའི་ཕྱོགས་ཡོངས་ལས་དབང་གཅིག་པའི་ཐུན་མོང་ཚོགས་པར་གཟི་བརྗིད་སྐྱེད་ལ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་བྱ་གཞག་དར་སྤེལ་གཏོང་བར་མུ་མཐུད་དུ་ཤུགས་རྒྱག་འདོད་ཡོད་ཅེས་བྲིས་ཡོད།




