ལི་ཆང་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གཉིས་ཀྱིས་གྲོས་མོལ་གནང་།
| 2026-01-30 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ལི་ཆང་གིས་དེ་རིང་སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་དབུ་བཞུགས་བློན་ཆེན་གཉིས་གྲོས་མོལ་གནང་སྟེ། རྒྱལ་ཁབ་གཉིས་ཡུན་རིང་བརྟན་བརླིང་གི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བར་འཐབ་ཇུས་མཛུབ་སྟོན་གནང་། ཀྲུང་གོས་དབྱིན་ཇི་དང་མཉམ་དུ་མུ་མཐུད་དེ་ཁ་ཕྱོགས་གཅིག་ལ་སྐྱོད་ཅིང་། ཕན་ཚུན་སྲོལ་ཤིང་ཁེ་ཕན་དང་ཐུགས་ཁུར་གལ་ཆེན་བརྩི་འཇོག་བྱེད་པ། འཐབ་ཇུས་འབྲེལ་གཏུག་ཇེ་དྲག ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞི་ཇེ་བརྟན་གཏོང་བ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་བཏང་ནས་ཕྱོགས་གཉིས་འབྲེལ་བ་ཡུན་རིང་བརྟན་པོ་ཡོང་བའི་རེ་བ་ཡོད། དེ་འདྲ་བྱས་ན་རྒྱལ་ཁབ་གཉིས་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་འགྱུར་ལྡོག་དང་འགྲན་སློང་དང་། མཉམ་དུ་འཕེལ་རྒྱས་ཡོང་བར་ཁ་གཏད་འཇལ་བར་ཕན་ཐོགས་ཡོད་ལ། འཛམ་གླིང་ཞི་བདེ་བརྟན་བརླིང་ལ་དགེ་མཚན་ལྡན་པའི་སྟོབས་ཤུགས་འབུལ་འཐུབ་རྒྱུ་རེད་ཅེས་གསུངས།
ལི་ཆང་གིས། ཀྲུང་གོས་དབྱིན་ཇི་དང་མཉམ་དུ་སྲིད་གཞུང་བར་གྱི་ཁ་བརྡ་མཉམ་ལས་ལམ་ལུགས་འཐུས་ཚང་བཏང་ནས། དུས་རྒྱུན་དུ་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་འགྲོ་འོང་སྔར་བས་མང་པོ་སྤེལ་འདོད་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་ལེགས་ཆ་ཁ་གསབ་དང་། ཕྱོགས་གཉིས་ཉོ་ཚོང་རྒྱ་བསྐྱེད་སྤུས་མཐོ་ཡོང་བར་བྱས་ནས། དངུལ་རྩ་དང་མི་བཟོས་རིག་ནུས་དང་སྔོན་ཐོན་བཟོ་སྐྲུན། དྭངས་གཙང་ནུས་ཁུངས། ཨང་ཀིའི་དཔལ་འབྱོར། དེང་རབས་སྐྱེལ་འདྲེན་ཞབས་ཞུ་སོགས་གསར་དར་ཐོན་ལས་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། ཕན་ཚུན་ནུས་སྐྲུན་དང་འཕེལ་རྒྱས་ཡག་པོ་བྱེད་དགོས། དབྱིན་ཇིས་ཀྲུང་གོའི་ཁེ་ལས་དབྱིན་ཇི་རུ་དངུལ་གཏོང་བྱེད་པར་འདྲ་མཉམ་དང་ཕྱི་གསལ་ནང་གསལ། མཐོང་ཆུང་མིན་པའི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱེད་པའི་རེ་བ་ཡོད། དེང་སྐབས་རྒྱལ་སྤྱིའི་ཐོག་ཁེར་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས། བཙན་དབང་བརྙས་བཅོས་ངན་ཤུགས་ཆེ་བ་རེད། ཀྲུང་གོ་དང་དབྱིན་ཇི་གཉིས་ཀ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་བཞེས་ལས་འཛིན་རྒྱལ་ཁབ་ཡིན་པས། རྒྱལ་ཁབ་ཆེན་མོའི་འགན་ཁུར་ནས། ཕྱོགས་མང་འབྲེལ་གཏུག་མཐུན་སྦྱོར་ཇེ་དྲག་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་སྲུང་སྐྱོང་དང་། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་སྲུང་སྐྱོང་བྱས་ནས། རྒྱལ་སྤྱིའི་སྒྲིག་ལམ་དེ་སྔར་བས་འདྲ་མཉམ་ལུགས་མཐུན་གྱི་ཁ་ཕྱོགས་སུ་འཕེལ་རྒྱས་གཏོང་དགོས་ཞེས་གསུངས་པ་རེད།
སི་ཐཱ་མོ་ཡིས། དབྱིན་ཇིས་ཕན་ཚུན་བརྩི་བཀུར་དང་ལྷག་བསམ་དང་སྒོ་འབྱེད་ཀྱི་སྙིང་སྟོབས་བཟུང་ནས། ཀྲུང་གོ་བར་མཐོ་རིམ་དང་ཁྱབ་ཁོངས་སོ་སོའི་འགྲོ་འོང་དང་ཁ་བརྡ་གླེང་མོལ་ཇེ་དྲག་ཏུ་གཏོང་ཞིང་། སྒོ་འབྱེད་དང་རང་མོས་ཉོ་ཚོང་རྒྱབ་སྐྱོར་བྱས་ནས། དཔལ་འབྱོར་ཉོ་ཚོང་དང་རིག་གནས་སོགས་ཁྱབ་ཁོངས་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོའི་ཁེ་ལས་དབྱིན་ཇི་རུ་དངུལ་གཏོང་མཉམ་ལས་སྤེལ་བར་དགའ་བསུ་ཡོད། དབྱིན་ཇིས་ཀྲུང་གོ་དང་ཕྱོགས་མང་མཐུན་སྦྱོར་ཇེ་དྲག་ཏུ་བཏང་ནས། མཉམ་དུ་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལེའུ་གསར་པ་གཏོད་པའི་རེ་བ་ཡོད་ཅེས་གསུངས།
གྲོས་མོལ་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་ཞིང་ལས་བཟའ་བཅའ། འཕྲིན་སྦྱོར། སློབ་གསོ། ཚོང་རའི་ལྟ་སྐུལ་དོ་དམ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མཚན་བཀོད་བདེན་དཔང་མཛད། ཝུའུ་ཀྲེང་ལུང་གོང་གི་བྱེད་སྒོ་ནང་ཞུགས།




