ཁམས་པའི་བརྙན་འཕྲིན་ཁང་གི་ལོ་གསར་སྤྲོ་ཚོགས་ཕབ་སྐྲུན་བྱ་ལ་ཉེ།
| 2026-01-30 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཉེ་ཆར། ཁམས་པའི་བརྙན་འཕྲིན་ཁང་གི་རབ་རྒྱབ་མེ་ཕོ་རྟ་ལོའི་ལོ་གསར་སྤྲོ་ཚོགས་ཆེན་མོ་རྫོགས་ལྡན་དུས་ཀྱི་མཆོད་དབྱངས་ཞེས་པ་དེ་ཚ་ཚ་འུར་འུར་གྱིས་ལམ་ནས་མཇུག་མཐའི་ཕབ་སྐྲུན་ལ་གྲ་སྒྲིག་བྱེད་བཞིན་ཡོད།

ཁམས་པའི་བརྙན་འཕྲིན་ཁང་གི་བོད་ཀྱི་ལོ་སར་སྤྲོ་ཚོགས་ཆེན་མོ་ནི་བོད་ལུགས་ལོ་གསར་གྱི་དུས་ལ་རྒྱ་ཆེའི་བོད་རིགས་མི་དམངས་ཀྱི་བསམ་བློ་རིག་གནས་འཚོ་བའི་དགོས་མཁོ་སྐོང་བ་དང་། དུས་རབས་གསར་པའི་བརྗོད་དོན་དབྱངས་སུ་འགུགས་ཤིང་། འཚོ་བ་གསར་པའི་བདེ་སྐྱིད་གར་དུ་རྩེན་བཞིན་རྫོགས་ལྡན་དཔལ་གྱི་དགའ་སྟོན་གླུ་དང་གར་གྱིས་བསྟོད་པའི་གླུ་གར་གྱི་སྤྲོ་ཚོགས་ཆེན་མོ་ཞིག་ཡིན་ལ། ལོ་རེར་ཐེངས་རེ་སྤེལ་བའི་གླུ་གར་སྤྲོ་ཚོགས་ཆེན་མོ་འདི་ལ་རྒྱལ་ཁབ་ཕྱི་ནང་གི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་དགའ་བསུ་དང་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད།
ཐེངས་འདིའི་ཁམས་པའི་བརྙན་འཕྲིན་ཁང་གི་བོད་རབ་རྒྱན་མེ་ཕོ་རྟ་ལོའི་ལོ་གསར་སྤྲོ་ཚོགས་ཆེན་མོ་རྫོགས་ལྡན་དུས་ཀྱི་མཆོད་དབྱངས་ཞེས་པ་ནི་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཁམས་པའི་བརྙན་འཕྲིན་ཁང་དང་སི་ཁྲོན་མི་རིགས་རླུང་འཕྲིན། ཀྲུང་གུང་རྟའུ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱེད་བཞིན་ཡོད་ཅིང་། གངས་རིའི་ལྗོངས་སུ་སྐད་གྲགས་ཆེ་བའི་གླུ་པ་གླུ་མ་མང་པོ་ཞིག་གདན་འདྲེན་ཞུས་ནས་གླུ་གར་གྱི་མཆོད་པ་གྱ་ནོམ་པ་ཞིག་འབུལ་རྒྱུ་ཡིན་ལ། ནང་སྒོས་སུ་རྟའུ་རྫོང་གི་ས་གནས་ཀྱི་ཐུན་མོང་མ་ཡིན་པའི་གླུ་གཞས་སྒྱུ་རྩལ་མང་པོ་ཞིག་ལོ་སར་སྤྲོ་ཚོགས་འདི་ཡི་སྟེང་ནས་རྒྱ་ཆེའི་གཟིགས་མོ་བ་ཡོངས་ཀྱི་མིག་གི་དགའ་སྟོན་དུ་འབུལ་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་ཁམས་པའི་བརྙན་འཕྲིན་ཁང་གི་བོད་རབ་རྒྱན་མེ་ཕོ་རྟ་ལོའི་ལོ་གསར་སྤྲོ་ཚོགས་ཆེན་མོ་ནི་སྤྱི་ཟླ་དང་པོའི་ཚེས་ཉེར་བདུན་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཁང་ཆེན་མོ་ནས་དངོས་སུ་ཕབ་སྐྲུན་བྱ་རྒྱུ་ཡིན་པར་མ་ཟད། ད་དུང་དྲ་ལམ་ཐད་གཏོང་བརྒྱུད་ནས་རྟའུ་རྫོང་གི་ས་གནས་ཀྱི་རིག་གནས་སྒྱུ་རྩལ་དང་ཁྱད་ལྡན་ཐོན་རྫས་སོགས་ངོ་སྤྲོད་བྱ་རྒྱུ་ཡིན་པས། བོད་ཀྱི་གླུ་གར་སྒྱུ་རྩལ་ལ་དུང་ཞེན་ཆེ་ཞིང་། ས་གནས་ཀྱི་རིག་གནས་སྒྱུ་རྩལ་ལ་དགའ་ཞེན་ཟབ་པའི་ལྟད་མོ་བ་ཡོངས་ཀྱིས་དྲ་ལམ་དང་ཡུལ་དངོས་སུ་ཕེབས་ནས་གཟིགས་མོར་གནང་བར་དགའ་བསུ་ཞུ།

ཞུ་ཆེན། མགོན་པོ་ཚེ་རིང་།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།




