英文藏文APP W020161009565839193236.jpg | 微信 111111111.jpg

ཞི་ཅིན་ཕིང་གིས་སྤྱི་ལོ་༢༠༢༢ལོའི་ལོ་གསར་ཤིས་ཚིག་འདི་འདྲ་གནང་འདུག

2021-12-31 来源:ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 作者: 分享:

      བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ། མཁྱེན་ལྡན་མ་རྣམ་པ། སྐུ་ཞབས་རྣམ་པ།

   ཚང་མ་བཀྲ་ཤིས་བདེ་ལེགས། སྤྱི་ལོ་༢༠༢༢ལོ་འཆར་བའི་སྐབས་འདིར། ངས་པེ་ཅིང་ནས་ཚང་མར་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

   ལོ་འདིར་ཕྱིར་དྲན་བྱེད་པ་ནི་སྤྱིར་བཏང་མ་ཡིན་པའི་དོན་སྙིང་ལྡན་པ་ཞིག་རེད། ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དོན་ཆེན་དངོས་སུ་བརྒྱུད་ཡོད། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འབྲེལ་མཚམས་སུ། ང་ཚོས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་ཚུགས་པ་དང་། མགོ་བོ་གཟེངས་སུ་བཏེགས་ཤིང་གོམ་ཞེང་ཆེན་པོས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱེད་པའི་འགྲོ་ལམ་ཐོག་སྐྱོད་བཞིན་ཡོད།

   ལོ་འགོ་ནས་ལོ་མཇུག་བར། ཞིང་ཁ་དང་། ཁེ་ལས། སྡེ་ཁུལ། སློབ་གྲྭ། སྨན་ཁང་། དམག་སྒར། ཚན་ཞིབ་ལས་ཁུངས་སོགས་ཚང་མར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་པ་དང་། དཀའ་ལས་བརྒྱབ་ཅིང་ལེགས་སྐྱེས་ཕུལ་ཡོད་ལ། གྲུབ་འབྲས་ཀྱང་ཐོབ་ཡོད།  

   ཆུ་མོ་ལྟར་བར་མེད་རྒྱུག་པའི་དུས་ཚོད་ནང་། ང་ཚོས་མཐོང་བ་དང་མྱོང་བའི་ཀྲུང་གོ་ནི་དཀའ་སྤྱད་ཞུམ་མེད་དང་། དར་རྒྱས་ཕུན་སུམ་ཚོགས་པའི་ཀྲུང་གོ་ཞིག་ཡིན། འདིར་གཅེས་པར་འོས་ཤིང་གུས་པར་འོས་པའི་མི་དམངས་ཡོད་པ་དང་། ཉིན་བཞིན་འགྱུར་ལྡོག་འགྲོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཡོད་ལ། གཅིག་རྒྱུན་གཅིག་འཛིན་གྱི་བྱ་གཞག་ཀྱང་ཡོད།

   སྤྱི་ཟླ་བདུན་པའི་ཚེས་གཅིག་ཉིན། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཡོད། གནམ་བདེ་སྒོ་མོ་ཆེའི་ཡང་སྟེང་དུ་ལངས་སྐབས་མྱོང་ཚོར་སྣ་ཚོགས་བྱུང་། ལོ་རྒྱུས་ཀྱི་རྒྱང་སྐྱོད་ལམ་བུ་ཡོ་ལང་འགྱུར་ལྡོག་ཆེ་ཞིང་། ཀྲུང་གོ་གུང་ཁྲན་ཏང་མིས་མི་དམངས་དུང་ཕྱུར་མང་པོའི་སྣེ་ཁྲིད་ནས། དཀའ་ཚེགས་ཁྲི་སྟོང་བརྒྱུད་ཀྱང་དཔའ་མི་ཞུམ་པ་དང་། ཉེན་ཁ་སྣ་ཚོགས་བརྒྱུད་ཀྱང་བློ་བརྟན་འགྱུར་བ་མེད་པའི་ཐོག་ནས། ལོ་བརྒྱའི་ཏང་གི་བརྗིད་ཉམས་ལྡན་པའི་ཉམས་བཟང་བཏོད་ཡོད། ཐོག་མའི་བསམ་འདུན་མ་བརྗེད་ན། མཐའ་མའི་རྒྱལ་ཁ་ཐོབ་པར་འགྱུར། ང་ཚོས་འབད་འབུངས་ཆེར་སྐྱེད་དང་བརྩོན་འགྲུས་ལྷོད་མེད་བྱས་ཚེ། གཞི་ནས་ལོ་རྒྱུས་ལ་ངོ་མི་གནོང་བ་དང་། དུས་རབས་ལ་ངོ་མི་གནོང་བ། མི་དམངས་ལ་ངོ་མི་གནོང་བ་བཅས་བྱེད་ཐུབ། 

   ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག ཏང་གི་ལོ་རྒྱུས་གྲོས་ཆོད་གསུམ་པར་གྲོས་འཆམ་བྱུང་ཡོད། ལོ་བརྒྱའི་གྲུབ་འབྲས་ནི་མི་སེམས་འགུལ་བ་དང་། ལོ་བརྒྱའི་ཉམས་མྱོང་ནི་མི་ཡི་བློ་སྒོ་འབྱེད་ནུས་པ་ཞིག་རེད། ངས་དེ་སྔ་མའོ་ཀྲུའུ་ཞི་དང་སྐུ་ཞབས་ཧོང་ཡན་ཕའེ་ཡི་ས་ཕུག་ནང་གི་གླེང་མོལ་དེའི་སྐོར་བརྗོད་མྱོང་ཡོད། ང་ཚོས་རང་ཉིད་ལ་གསར་བརྗེ་བྱེད་ཕོད་ཚེ་གཞི་ནས་ལོ་རྒྱུས་ཀྱི་རང་འགུལ་དབང་ཆ་བདག་གིར་འཛིན་ཐུབ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ནི་ལས་སླ་པོར་འབྱུང་བ་དང་། རྔ་རྡུང་དར་འཕྱར་བྱས་པ་ཙམ་གྱིས་བསྒྲུབ་ཐུབ་པ་ཞིག་མིན་ལ། འགོག་རྐྱེན་མེད་ཅིང་དུས་ཐུང་ནང་མངོན་འགྱུར་ཐུབ་པ་ཞིག་ཀྱང་མིན། ང་ཚོས་བསམ་བློ་རྒྱང་རིང་པོ་གཏོང་བ་དང་། བདེ་སྡོད་ཉེན་བསམ་བྱེད་པ། འཐབ་ཇུས་ཀྱི་བརྟན་ཤུགས་དང་ངང་རིང་རྒྱུན་འཁྱོངས་བྱེད་དགོས། དེ་ནི་རྒྱ་ཆེན་པོར་བསམ་ཞིང་ཞིབ་ཚགས་པོས་སྒྲུབ་ཅེས་པ་ལྟར་ཡིན།

   རྒྱལ་ཁབ་ཆེན་པོ་ལ། རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཡོད། བྱ་བ་ཆེ་ཆུང་སྣ་ཚོགས་པ་ནི་མཐར་གཏུག་ནས་བཤད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་དོན་དག་རེད། ངས་ས་ཁུལ་འགའ་རེར་བརྟག་དཔྱད་བྱེད་སྐབས། གནས་ཚུལ་མི་ཉུང་བ་ཞིག་མཐོང་ཐོས་བྱུང་ལ། དེ་དག་གིས་ང་ཡི་བློ་སྒོ་ཕྱེ་ཞིང་། ཕན་འབྲས་ཆེན་པོ་ཐོབ་བྱུང་། མང་ཚོགས་ཀྱི་ཁྱིམ་དུ་སླེབས་རེ་བཞིན། ད་དུང་དཀའ་ངལ་གང་འདྲ་ཡོད་མེད་སྐོར་འདྲི་བཞིན་ཡོད། ཡུལ་མི་རྣམས་ཀྱི་སྐད་ཆ་ངས་ཡིད་ལ་བརྟན་པོར་ངེས་ཡོད། 

གང་ཞིག་དམངས་ཀྱིས་སེམས་ཁྲལ་བྱེད་ས་དེ། ང་ཡིས་ཅིས་ཀྱང་ཡིད་ལ་འཇོག་གཞི་ཡིན། གང་ཞིག་དམངས་ཀྱིས་རེ་སྒུག་བྱེད་ས་དེ། ང་ཡིས་ཅིས་ཀྱང་ལེགས་པར་བསྒྲུབ་བྱ་ཡིན། ང་ཡང་གྲོང་གསེབ་ནས་ཡོང་བ་ཡིན་པས། དབུལ་ཕོངས་ལ་མྱོང་བ་ཟབ་མོ་ཡོད། མི་རབས་ནས་མི་རབས་བར་རྒྱུན་མཐུད་འབད་བརྩོན་བྱས་པ་བརྒྱུད། དེ་སྔའི་དབུལ་ཕོངས་ཀྱི་མི་རྣམས་ད་ལྟ་ཟས་ཀྱིས་ལྟོ་བ་རྒྱགས་པ་དང་། གོས་ཀྱིས་ལུས་དྲོད་པ། སློབ་གྲྭར་འགྲོ་རྒྱུ་ཡོད་པ། སྡོད་སའི་ཁང་པ་ཡོད་པ། སྨན་བཅོས་འགན་བཅོལ་ཡོད་པ་བཅས་སུ་གྱུར་ཡོད། ཁྱོན་ཡོངས་འབྱོར་འབྲིང་དུ་འགྱུར་བ་བྱེད་པ་དང་། དབུལ་ཕོངས་ལས་ཐར་བར་བྱེད་པ་ནི་ང་ཚོའི་ཏང་གིས་མི་དམངས་ལ་ཁས་ལེན་བྱས་པའི་ཁ་ཆད་ཡིན་ལ། འཛམ་གླིང་ལ་ཕུལ་བའི་ལེགས་སྐྱེས་ཞིག་ཀྱང་ཡིན། ཚང་མ་འཚོ་བ་དེ་བས་ལེགས་པོ་སྐྱེལ་རྒྱུ་ཡོང་བ་བྱེད་པའི་ཐད། མིག་སྔའི་གྲུབ་འབྲས་ལ་ཡིད་ཚིམ་ནས་སྡོད་རྒྱུ་མེད་པར། ད་དུང་ལམ་ཐག་རིང་པོ་བརྒྱུད་དགོས། 

    རྨ་ཆུ་དུས་བདེ་ཞོད་འཇགས་ཡོང་བ་བྱ་རྒྱུ་ནི་ཀྲུང་ཧྭའི་བུ་ཕྲུག་གི་ལོ་ངོ་སྟོང་གི་རེ་སྒུག་ཡིན། ཉེ་བའི་ལོ་ཤས་ནང་ང་རང་རྨ་ཆུའི་སྟོད་རྒྱུད་དང་། དབུས་རྒྱུད། སྨད་རྒྱུད་བཅས་ཀྱི་ཞིང་ལྗོངས་དགུ་ལ་ཕྱིན་པ་ཡིན། མ་ཡུམ་ཆུ་བོ་རྨ་ཆུ་དང་འབྲི་ཆུ་ཡིན་ནའང་འདྲ། ཡང་ན་དྭངས་ཤིང་གཙང་བའི་མཚོ་སྔོན་པོ་དང་། རླབས་ཕྲེང་འཕྱུར་བའི་ཡར་ཀླུང་གཙང་པོ་ཡིན་ནའང་འདྲ། ལྷོ་ཆུ་བྱང་འདྲེན་གྱི་དུས་རབས་ཀྱི་ལས་གཞི་དང་། ཡང་ན་སའེ་ཧན་པ་ནགས་རའི་ལྗང་མདོག་གི་ས་ཁྲ་ཡིན་ནའང་འདྲ། ཡུན་ནན་གྱི་གླང་ཆེན་བྱང་བགྲོད་ལྷོ་ལོག་དང་། ཡང་ན་རི་དྭགས་གཙོད་རྒྱུད་སྤེལ་གནས་སྤོ་བྱེད་པ་ཡིན་ནའང་འདྲ། དེ་དག་ཚང་མས་མི་ཡིས་འབྱུང་ཁམས་ལ་གནོད་མ་བསྐྱལ་ན། འབྱུང་ཁམས་ཀྱིས་མི་ལ་གནོད་མི་སྐྱེལ་བའི་གནས་ལུགས་མངོན་གྱི་ཡོད། 

   ལོ་འདིར། ད་དུང་བརྗེད་པར་དཀའ་བའི་ཀྲུང་གོའི་སྐད་སྒྲ་དང་། ཀྲུང་གོའི་སྐད་ཅིག་མ། ཀྲུང་གོའི་གཏམ་རྒྱུད་བཅས་མང་པོ་ཡོད། ཏང་ཐུགས་བློ་བདེ་བར་བཞུགས། རྒྱལ་ཁབ་སྟོབས་འབྱོར་ལྡན་པར་བྱེད་མཁན་ང་ཡོད་ཅེས་པའི་ལང་ཚོའི་དམ་ཚིག་དང་། དྭངས་ཤིང་གཙང་བའི་བརྩེ་བ། ཀྲུང་གོ་ཁོ་ནའི་ཆེད་དུ་ཡིན་ཞེས་པའི་བརྩེ་བ་ཟབ་མོའི་གསལ་བསྒྲགས། ཀྲུའུ་རུང་རྟགས་ཅན་གྱིས་རྒྱུ་སྐར་མིག་དམར་འཚོལ་ཞིབ་བྱེད་པ་དང་། ཞི་ཧོ་རྟགས་ཅན་གྱིས་ཉི་མའི་ཁྱིམ་རྒྱུད་འཚོལ་ཞིབ་བྱེད་པ། ཐན་ཧོ་རྟགས་ཅན་གྱིས་རྒྱུ་སྐར་ལམ་འགྲིམ་པ། ལུས་རྩལ་པས་ངར་ཤུགས་ལྡན་པའི་ཐོག་ནས་ཨང་དང་པོ་བརྩོན་ལེན་བྱེད་པའི་བློ་སྟོབས། རྒྱལ་ཡོངས་གོང་འོག་ཚང་མས་རིམས་ནད་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་ཕན་ཚུན་རོགས་རེས་ཀྱིས་ཁྱིམ་གཞིས་བསྐྱར་འཛུགས་བྱེད་པ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་གིས་དམག་དཔུང་སྟོབས་ཆེར་གཏོང་བ་དང་། ཁྱིམ་སྲུང་རྒྱལ་སྲུང་བྱེད་པ་སོགས་སྤྱིར་བཏང་གི་དཔའ་བོ་གྲངས་ལས་འདས་པས་དཀའ་སྤྱད་འབད་འཐབ་བྱས་པ་དང་། དུས་རབས་གསར་པའི་ཀྲུང་གོས་མགྲིན་པ་གཟེངས་སུ་བཏེགས་ནས་མདུན་དུ་བསྐྱོད་པའི་རླབས་རྒྱུན་གྲུབ་ཡོད། 

    མེས་རྒྱལ་གྱིས་ཐོག་མཐའ་བར་གསུམ་དུ་ཤང་ཀང་དང་ཨའོ་མོན་གྱི་དར་རྒྱས་བརྟན་ལྷིང་ལ་སེམས་ཁུར་བྱེད་ཀྱི་ཡོད། ཕྱར་བ་གྲུ་འདེགས་དང་མཉམ་དུ་འབད་བརྩོན་བྱས་ཚེ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་གཞི་ནས་བརྟན་བགྲོད་རྒྱང་སྐྱོད་ཐུབ་རྒྱུ་དང་། མེས་རྒྱལ་ཡོངས་སུ་གོང་བུ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་བསམ་འདུན་ཡིན། ཀྲུང་ཧྭའི་བུ་ཕྲུག་ཡོངས་ནས་ལག་གདང་སྦྲེལ་ཏེ་མདུན་སྐྱོད་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་རྒྱུའི་རེ་བ་སེམས་གཏིང་ནས་བྱེད་ཀྱི་ཡོད། 

    ངས་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་དེ་བཞིན་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་འཁུར་བར་ཞལ་པར་ཐོག་ནས་འབྲེལ་གཏུག་དང་། བརྙན་ལམ་ཐོག་ནས་མཇལ་མོལ་ཞུ་སྐབས། ཁོང་རྣམ་པས་ཀྲུང་གོས་རིམས་འགོག་དང་། གོ་ལ་ཧྲིལ་པོའི་རིམས་ནད་སྔོན་འགོག་ཚོད་འཛིན་ཆེད་ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་ཐེངས་མང་གནང་གི་འདུག མིག་སྔའི་བར། ཀྲུང་གོས་ཁྱོན་རྒྱལ་ཁབ་དང་རྒྱལ་སྤྱིའི་སྒྲིག་འཛུགས་120ལྷག་ཙམ་ལ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་ཁབ་སྨན་དུང་ཕྱུར་20མཁོ་འདོན་བྱས་ཡོད། འཛམ་གླིང་རྒྱལ་ཁབ་ཁག་གིས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་མཉམ་ལས་བྱས་ཚེ། གཞི་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་པའི་ལེའུ་གསར་པ་རྩོམ་ཐུབ།

    ཟླ་བ་གཅིག་གི་རྗེས་སུ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་། དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་འགོ་འཛུགས་རྒྱུ་རེད། མི་དེ་བས་མང་བ་གངས་འཁྱག་ལུས་རྩལ་ནང་ཞུགས་ཐུབ་པ་བྱ་རྒྱུ་དེ་ཡང་ཨོ་ལིན་ཕིག་ལས་འགུལ་གྱི་བརྗོད་དོན་ཞིག་ཡིན། ང་ཚོས་བློ་གཅིག་སེམས་གཅིག་གིས་འཛམ་གླིང་ལ་ཨོ་རྩལ་འགྲན་ཚོགས་གྲ་རྒྱས་པོ་ཞིག་སྤྱན་འབུལ་ཞུ་ཐུབ་པ་བྱ་རྒྱུ་ཡིན། འཛམ་གླིང་ནས་ཀྲུང་གོར་རེ་སྒུག་ཞུ་བཞིན་ཡོད་ལ། ཀྲུང་གོས་ཀྱང་གྲ་སྒྲིག་ཡག་པོ་བྱས་ཟིན། 

ལོ་གསར་པའི་ཅོང་སྒྲ་གྲགས་ལ་ཉེ། ང་ཚོའི་མཁའ་སྐྱོད་པ་གསུམ་མཐའ་ཡས་པའི་བར་སྣང་ཁམས་སུ་ཕྱག་ལས་གནང་བཞིན་ཡོད་པ་དང་། ཕྱི་རྒྱལ་དུ་བཞུགས་པའི་སྤུན་ཟླ་རྣམས་ཀྱིས་སྔར་བཞིན་དཀའ་སྤྱད་འབད་བརྩོན་གནང་བཞིན་ཡོད་པ། གཞུང་ཚབ་ཆེན་མོ་ཁང་དང་དོན་གཅོད་ཁང་། ཀྲུང་གོའི་མ་འཇོག་ཁེ་ལས་སོགས་ཀྱི་ཕྱི་རྒྱལ་དུ་མངགས་སྡོད་བྱས་པའི་མི་སྣ། རྒྱ་ཆེའི་ཕྱི་འགྲིམ་སློབ་མ་སོགས་ནས་སྔར་བཞིན་འབད་འབུངས་བརྟན་སྲུང་བྱེད་པ། ཕུགས་འདུན་རེ་སྙེག་བྱེད་མཁན་གྲངས་ལས་འདས་པས་ད་དུང་འབད་འཐབ་ཀྱིས་ལེགས་སྐྱེས་འབུལ་བཞིན་ཡོད། ཚང་མ་སྐུ་ལས་ཁག་སོང་། ངས་ཚང་མར་ལྷག་བསམ་ཟོལ་མེད་ཀྱིས་ལོ་གསར་པའི་འཚམས་འདྲི་ཞུ་རྒྱུ་ཡིན།

ང་ཚོ་མཉམ་དུ་མ་འོངས་ཕྱོགས་སུ་བསྐྱོད། རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་བར་སྨོན།


关键词 >>
分享:

相关阅读

网站地图 新闻 专题 晚会活动 康巴卫视节目 视频 娱乐 图说 文化 旅游
国内国际
涉藏新闻
岗日杂塘
启米时间
法治明镜
向巴聊天
康巴讲坛
康巴欢乐汇
雪域高原
欢乐星播客
快乐汉藏语
周末大舞台
藏歌金曲
云丹科普苑
格桑花开
翁姆报天气
央视新闻联播
康巴卫视新闻
纪录片
微视频
专题片
电影
电视剧
动画片
藏歌藏舞
晚会活动
文化动态
藏传佛教
名家专栏
艺术
旅游资讯
景点推荐
风土人情
旅游宝典
加载更多 >>
涉藏各地
甘南武威天祝玉树果洛海南海北海东海西黄南迪庆州昌都那曲林芝拉萨日喀则山南阿里甘孜州阿坝州凉山木里
合作媒体
关于我们卫视动态播出时间表广告刊例用户协议举报制度

蜀ICP备 15032686号

新闻信息服务资质备案号:川新备14-000059

川公网安备 51019002000121号


中国互联网举报中心

四川省互联网不良与违法信息举报中心


违法及不良信息举报电话:028-8598 1942