སྐྱིད་པའི་སྤོ་བོའི་ཡུལ་གྱི་མུ་འབྲེལ་ཐད་གཏོང་ལེགས་པར་གྲུབ།
| 2024-10-14 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

བཙན་པོའི་འཁྲུངས་ཡུལ། གངས་རྒན་གྱི་ཕ་ས། ཁམ་བུའི་ཞིང་ཁམས་ཞེས་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་པའི་བོད་ལྗོངས་སྤོ་བོ་རྫོང་ལ་མཚོན་ན། བོད་ཀྱི་རྒྱལ་པོ་ཐོག་མ་གཉན་ཁྲི་བཙན་པོའི་འཁྲུངས་ཡུལ་ཡིན་པར་མ་ཟད། སྟོད་ན་གྲུ་གཤིས་གངས་རྒན་ལྟ་བུའི་གངས་ཀྱི་རི་བོར་བརྗིད་ཆགས་ཤིང་། བར་ན་རྩི་ཤིང་སྣ་ཚོགས་ཀྱི་ཚང་ཚིང་ཐགས་སུ་བཀྲ་ལ། འདབས་ན་སྤང་ལྗོངས་སྔོན་མོ་གདན་དུ་བཏིང་བའི་དབུས་སུ་དྭངས་གསལ་མཚོ་མོ་ཤེལ་གྱི་མེ་ལོང་འཁྱིལ་བ་ལྟ་བུའི་རང་བྱུང་གི་བཀོད་པས་ཡོངས་སུ་བརྒྱན་པའི་དག་པའི་ཞིང་ཁམས་འདི་ནས། སྤོ་བོ་རྫོང་གི་འབྲེལ་ཡོད་ལས་ཁུངས་དང་ངེད་ཁམས་པའི་བརྙན་འཕྲིན་ཁང་གཉིས་ཀྱིས་དུང་བའི་འདུན་མ་གཅིག་ལ་བབས་ཤིང་། མཐུན་པའི་ལག་གདང་ལྷན་དུ་སྦྲེལ་ནས། ཟླ་བཅུ་པའི་ཚེས་བཅུ་ནས་ཚེས་བཅུ་གཅིག་ཉིན་གྱི་བར་ལ། མཛེས་པའི་གསུམ་གཅིག་བརྒྱད། སྐྱིད་པའི་སྤོ་བོའི་ཡུལ་ཞེས་པའི་མུ་འབྲེལ་ཐད་གཏོང་གི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་ཡིས་རྒྱ་ཆེའི་ལྟད་མོ་བ་ཡོངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་དང་། སྤོ་བོའི་ཡུལ་གྱི་མ་བཅོས་ལྷུན་གྱིས་གྲུབ་པའི་རང་བྱུང་གི་བཀོད་པ་དང་། ས་གནས་ཀྱི་ལོ་རྒྱུས། ཡུལ་སྲོལ་གོམས་གཤིས་སོགས་ཀྱིས་ཚང་མར་བག་ཆགས་ཟབ་མོ་བཞག་པ་རེད།
ཐེངས་འདིའི་བྱེད་སྒོ་རྣམས་ཅུང་ཟད་སྤྲོས་ནས་བཤད་ན། ཟླ་བཅུ་པའི་ཚེས་བཅུ་ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་པའི་སྟེང་ལ། མཛེས་པའི་གསུམ་གཅིག་བརྒྱད། སྐྱིད་པའི་སྤོ་བོའི་ཡུལ་ཞེས་པའི་ཉིས་སྟོང་ཉེར་བཞི་ལོའི་སྤོ་བོ་རྫོང་གི་བོད་ལྗོངས་དགུན་འགྲུལ་ཡུལ་སྐོར་བྱེད་སྒོའི་མགོ་ཚུགས་མཛད་སྒོའི་ཐད་གཏོང་དང་བསྡོངས་ནས། ཐེངས་འདིའི་མུ་འབྲེལ་ཐད་གཏོང་གི་བྱེད་སྒོ་དངོས་སུ་མགོ་བརྩམས་པ་རེད།


ཟླ་བཅུ་པའི་ཚེས་བཅུ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པའི་སྟེང་ལ། སྤོ་བོའི་གཏམ་རྒྱུད་འདུ་ར་ཞེས་པའི་ཐད་གཏོང་བྱེད་སྒོའི་ཁྲོད་དུ། བོད་ཀྱི་ལོ་རྒྱུས་སྨྲ་བ། བོད་རིག་པའི་ཆེད་མཁས་རྒན་རྒྱལ་མོ་འབྲུག་པ་དང་། ཉིང་ཁྲི་ས་ཁུལ་གྱི་རིག་གནས་ལོ་རྒྱུས་ཉམས་ཞིབ་གནང་མཁན་རྒན་ཕུར་བུ་རྡོ་རྗེ་དང་རྒན་བསྟན་འཛིན་སོགས་གདན་དྲངས་ནས། ཉིང་ཁྲི་ས་ཁུལ་གྱི་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ་སྐོར་ཞིག་དང་མཉམ་དུ་སྤོ་གྲི་དང་སྤོ་བྲིས། སྤོ་གཡང་། སྤོ་ཤོག སྤོ་སྤོས། སྤོ་ལྷམ། སྤོ་གཡང་། སྤོ་ཇ་སོགས་ཀྱི་སྐོར་ནས་ཚང་མར་ཁ་བརྡ་དང་མཚམས་སྦྱོར་གང་ལེགས་གནང་བ་རེད།

ཟླ་བཅུ་པའི་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་པའི་སྟེང་ལ། ཤམ་བྷ་ལའི་དཔེ་ཀློག་གི་ཐད་གཏོང་བྱེད་སྒོའི་ཁྲོད་དུ། ངེད་ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་འཆི་མེད་དབང་མོ་དང་བྱམས་པ་རྡོ་རྗེ། ལིན་ཧྥེང་སོགས་ཀྱིས་ཐོག་དྲངས་ནས། ཐེངས་འདིའི་དཔེ་ཀློག་ཕོ་ཉ་རྒན་རྒྱལ་མོ་འབྲུག་པ་ལགས་དང་། གཞན་ཡང་རྒན་ཕུར་བུ་རྡོ་རྗེ། རྒན་བསྟན་འཛིན་སོགས་འབྲེལ་ཡོད་སྐུ་མགྲོན་སྐོར་ཞིག་དང་མཉམ་དུ། གངས་དཀར་པོས་དབུ་འཕང་དགུང་ལ་བསྟོད་ཅིང་། མཚོ་སྔོན་མོའི་མཎྡལ་ཕྱུར་བུར་གཏམས་པའི་གནས་མཆོག་ཉམས་དགའ་བ་ཞིག་ནས་ཚང་མར་སྙན་ངག་གྱེར་འདོན་དང་། དཔེ་དེབ་མཚམས་སྦྱོར། དཔེ་ཀློག་མཉམ་རོལ་སོགས་ཀྱི་བྱ་འགུལ་གྱ་ནོམ་པ་ཞིག་ཕུལ་བ་རེད།

ཟླ་བཅུ་པའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པའི་སྟེང་ལ། སྤོ་བོའི་དགའ་ཚལ་ཞེས་པའི་ཐད་གཏོང་གི་བྱེད་སྒོའི་ཁྲོད་དུ། ང་ཚོས་ཚང་མར་ཆ་རྒྱུས་ཆེ་བའི་དྲ་གྲགས་བདེ་སྐྱིད་སྒྲོལ་མ་དང་གླུ་པ་དཔལ་ཆེན་དབང་རྒྱལ། ས་གནས་ཀྱི་དམངས་སྲོལ་མགྲོན་ཁང་གི་སྦྱིན་བདག གཞན་ཡང་ས་གནས་དེ་གའི་གླུ་གཞས་སྒྱུ་རྩལ་པ་སྐོར་ཞིག་གདན་དྲངས་ནས། དགའ་བའི་གླུ་དང་སྐྱིད་པའི་བྲོ་ལ་རོལ་བར་མ་ཟད། ད་དུང་ས་གནས་རང་གི་ཁྱད་ཆོས་ཕུན་སུམ་ཚོགས་པའི་ཟས་རིགས་སྣ་ཚོགས་ཀྱི་བྲོ་བ་ཉམས་སུ་མྱོང་བཞིན་ཚང་མ་ལ་གླུ་གཞས་སྒྱུ་རྩལ་དང་ས་གནས་ཐོན་རྫས་ཀྱི་གསོལ་སྟོན་གྱ་ནོམ་པ་ཞིག་ཕུལ་བ་རེད།
ཟླ་བཅུ་པའི་ཚེས་བཅུ་གཅིག་ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་པའི་སྟེང་ལ། སྤོ་བོ་དགྱེས་པའི་རོལ་ཚོགས་ཞེས་པའི་གླུ་གཞས་སྤྲོ་ཚོགས་ཀྱི་ཐད་གཏོང་བྱེད་སྒོའི་ཁྲོད་དུ། དབྱངས་ཅན་ལྷ་མཛེས་དང་བཀྲ་ཤིས་ཉི་མ་སོགས་བོད་ཁམས་ན་མིང་དུ་གྲགས་པའི་གླུ་པ་གླུ་མ་དང་། གཞན་ཡང་ས་གནས་དེ་གའི་གླུ་གཞས་སྒྱུ་རྩལ་པ་རྣམས་གར་སྟེགས་གཅིག་ཏུ་འཛོམས་ནས་སྐྱིད་པའི་སྤོ་བོའི་ཡུལ་གྱི་བདེ་སྐྱིད་འཚོ་བ་གླུ་དང་གར་གྱིས་བསྟོད་པ་རེད།
གཞན་ཡང་ཐེངས་འདིའི་མུ་འབྲེལ་ཐད་གཏོང་གི་བྱེད་སྒོ་སྤེལ་བའི་རིང་ལ། ཁམས་པའི་བརྙན་འཕྲིན་ཁང་གི་༼འཆི་མེད་ཀྱི་གླེང་མོལ༽དང་༼བྱམས་པའི་ཁ་བརྡ༽༼འཆད་ཁྲིད་སྒྲོན་མེ༽སོགས་ཀྱི་ལེ་ཚན་ཕབ་སྐྲུན་བྱས་ཏེ། མཛེས་པའི་གསུམ་གཅིག་བརྒྱད། སྐྱིད་པའི་སྤོ་བོའི་ཡུལ་གྱི་ཕྱི་ནང་གསང་གསུམ་གྱི་ལོ་རྒྱུས་རིག་གནས་དང་། ཡུལ་སྲོལ་གོམས་གཤིས། གླུ་གཞས་སྒྱུ་རྩལ། བདེ་སྐྱིད་འཚོ་བ་སོགས་ཀྱི་མཐོང་ཐོས་མྱོང་གསུམ་ཅུང་ཆ་ཚང་བའི་སྒོ་ནས་རྒྱ་ཆེའི་ལྟད་མོ་བ་ཡོངས་ཀྱི་མིག་གི་དགའ་སྟོན་དུ་འབུལ་བའི་བྱ་གཞག་ཐམས་ཅད་ལེགས་པར་གྲུབ་ཅིང་། མདོར་ན་རྒྱལ་ཁབ་ཕྱི་ནང་གི་གཟིགས་མོ་བ་འབུམ་ཕྲག་ཁ་ཤས་ཀྱིས་ཐེངས་འདིའི་ཐད་གཏོང་ཁག་ལ་གསན་གཟིགས་གནང་བས་ཚང་མས་སྐྱིད་པའི་སྤོ་བོའི་ཡུལ་ལ་རྒྱུས་ལོན་གསར་པ་ཞིག་བྱུང་བ་རེད། 

རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། བྱམས་པ་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།




