ཨུ་རུ་སུ་དང་ཡུག་རེན་བར་གྱི་དམག་འཁྲུག་གནད་དོན་ཐག་གཅོད་སྐོར་ལ་གྲོས་མོལ་བྱས་འདུག
| 2025-02-13 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཟླ༢ཚེས་༡༢ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་སྔ་རྗེས་སུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་གཉིས་ལ་ཁ་པར་བཏང་ལ། འདི་ནི་ཐེ་རོན་ཕུའུ་ཡིས་ཙུང་ཐུང་གི་ལས་འགན་འཁུར་རྗེས་ཐེངས་དང་པོར་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་འགོ་ཁྲིད་ལ་འབྲེལ་བ་བྱས་པ་རེད།
ཚེས་༡༢ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་གཉིས་ཀྱིས་ཁ་པར་བཏང་ནས་ཡུག་རེན་གྱི་གནས་བབ་སོགས་ཀྱི་གནད་དོན་སྐོར་ལ་གྲོས་བསྡུར་བྱས་ཡོད།
ཚེས་༡༢ཉིན་གྱི་དགོང་མོར་ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཕུའུ་ཡིས་བཤད་པ་ལྟར་ན། ཕྱོགས་གཉིས་ཀས་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་ཁ་པར་བཏང་ཡོད་ལ། ཕུའུ་ཅིང་གིས་ཁ་པར་གཏོང་སྐབས་ཐེ་རོན་ཕུའུ་ལ་ཡུག་རེན་གྱི་ཉམས་ཉེན་འབྱུང་བའི་རྩ་བ་མེད་པ་བཟོ་དགོས་ཞེས་བཤད་ཡོད་པ་མ་ཟད། དེ་དང་ཆབས་ཅིག་ཕུའུ་ཅིང་གིས་གྲོས་མོལ་བྱས་པ་བརྒྱུད་ཡུག་རེན་གྱི་ཉམས་ཉེན་དུས་ཡུན་རིང་པོར་ཐག་གཅོད་ཐུབ་རྒྱུའི་སྐོར་ལ་ཐེ་རོན་ཕུའུ་ཡིས་འཛིན་པའི་ལྟ་ཚུལ་ཐད་མོས་མཐུན་གནང་བ་རེད། གཞན་ཐེ་རོན་ཕུ་ཡིས་ཁ་པར་གཏོང་སྐབས་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་མགྱོགས་མྱུར་མཇུག་བསྒྲིལ་དགོས་པ་བསྟན་ཡོད་ལ། ཁོས་ད་དུང་ཕུའུ་ཅིང་དང་མཉམ་དུ་གྲུབ་འབྲས་ལྡན་པའི་གླེང་མོལ་བྱུང་ཡོད་པ་བཤད།
ཕེ་སི་ཁོ་ཕུའུ་ཡིས་ད་དུང་བཤད་རྒྱུར་ཨུ་རུ་སུ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཁ་པར་གཏོང་སྐབས་ཁོང་གཉིས་ཀྱི་ཐུག་འཕྲད་བཀོད་སྒྲིག་བྱ་རྒྱུར་མོས་མཐུན་བྱས་པ་དང་ཕུའུ་ཅིང་གིས་ཐེ་རོན་ཕུའུ་ཡིས་མོ་སི་ཁོར་འཚམས་འདྲི་བྱ་རྒྱུར་གདན་འདྲེན་ཞུས་པ་རེད། གཞན་ཡང་ཕྱོགས་གཉིས་ཀས་ད་དུང་ཨུ་རུ་སུ་དང་ཨ་རིའི་འབྲེལ་བ་དང་དབུས་ཤར་ས་ཁུལ་གྱི་གནས་བབ་སོགས་ཀྱི་སྐོར་ནས་གྲོས་བསྡུར་བྱས་ཡོད་ཟེར།
ཉིན་དེར་ཐེ་རོན་ཕུ་ཡིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་ཐོག་ཡིག་གེ་སྤེལ་ནས་ཁོང་གིས་ཕུའུ་ཅིང་དང་ཁ་པར་བཏང་མ་ཐག་ཡིན་ལ།ཕྱོགས་གཉིས་པོས་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་མཇུག་བསྒྲིལ་བར་མཉམ་ལས་དམ་ཟབ་བྱ་རྒྱུའི་མོས་མཐུན་བྱས་པ་མ་ཟད། ཕྱོགས་གཉིས་ཀས་སྐུ་ཚབ་ཚོགས་པ་མངགས་ནས་འཕྲལ་དུ་གྲོས་མོལ་བྱེད་འགོ་ཚུགས་རྒྱུ་ཡིན་ཞེས་བཤད་པ་རེད།
ཚེས་༡༢་ཉིན་གྱི་དགོང་མོར་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་སྤྱི་ཚོགས་འབྲེལ་འདྲིས་འཕྲིན་སྦྱོར་སྟེང་ལ་ཡི་གེ་སྤེལ་ནས། ཁོང་གིས་ཉིན་དེར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་ཁ་པར་ལམ་ནས་འབྲེལ་བ་བྱས་པ་དང་། ཕྱོགས་གཉིས་ཀས་གཙོ་བོ་ཡུག་རེན་ལ་ཞི་བདེ་མངོན་འགྱུར་ཡོང་ཐུབ་པའི་རང་བཞིན་སྐོར་ལ་གྲོས་བསྡུར་བྱས་ཡིན་ཞེས་བཤད།
ཐེ་རོན་ཕུའུ་ཡིས་ཀྱང་སྤྱི་ཚོགས་འབྲེལ་འདྲིས་འཕྲིན་སྦྱོར་སྟེང་ཡི་གེ་སྤེལ་ནས། ཁོང་གིས་ཙེ་ལེན་སི་ཅི་དང་འབྲེལ་གཏུགས་བྱས་པ་ཧ་ཅང་ལམ་འགྲོ་བྱུང་བ་དང་། ཙེ་ལན་སི་ཅི་ཡང་ཕུའུ་ཅིང་དང་འདྲ་བར་ཞི་བདེ་མངོན་འགྱུར་ཡོང་བའི་རེ་བ་ཡོད་ཅེས་བཤད།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།




