སྐྱིད་པའི་ལོ་སར་ཚེས་དུས། སྙན་མོའི་ལ་གཞས་ཕུལ་ཡོད།
| 2025-02-21 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
དེ་ཡང་བོད་ཀྱི་ལ་གཞས་ལས་གླུ་ལ་གཞས་ཁ་ནང་རླངས་པ་རེད། གསེར་སེར་པོའི་འགྲོ་སྒོ་དགོས་ལེ་མིན། སེམས་སྐྱིད་གི་ཟེར་ནས་ལེན་ནི་ཡིན། སྐད་སྙན་གི་བསམ་ནས་བླངས་ནི་མིན་ཟེར་བ་བཞིན། གལ་ཏེ་བྲོ་གར་ནི་ལུས་ཀྱི་སྟངས་སྟབས་ལས་མངོན་པའི་སྒྱུ་རྩལ་ཞིག་ཡིན་ན། གླུ་གཞས་ནི་མགྲིན་པའི་པདྨ་ལས་འཕྲོས་པའི་ཚེ་སྲོག་གི་འགྱུར་ཁུག་དེ་ཡིན། གླུ་དང་བྲོ་ནི་བོད་མི་རིགས་ཀྱི་དགའ་སྐྱོ་དང་བརྩེ་གདུང་སོགས་སེམས་ཀྱི་ཚོར་འདུ་དག་ལུས་ངག་གཉིས་ལས་ཕྱི་རུ་མངོན་པའི་སྒྱུ་རྩལ་མཚོན་ཐབས་གཙོ་བོ་ཞིག་ཡིན། བོད་ལ་གནའ་བོའི་དུས་ནས་གླུ་དང་གར་གྱི་རིག་གནས་ཕུན་སུམ་ཚོགས་པ་དར་ཡོད་ལ། ལྷག་པར་དུ་དམངས་གཞས་སམ་ལ་གཞས་ནི་མདོ་དབུས་མཐོ་སྒང་ལ་གནས་པའི་མི་རིགས་འདིའི་ངལ་རྩོལ་འཚོ་བར་དགའ་ཞིང་། རང་བྱུང་ཁམས་ལ་དུང་བ་མཚོན་པའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཞིང་འབྲོག་མང་ཚོགས་ཀྱི་མི་རྣམས་གླུ་ལ་མཁས་ཤིང་བྲོ་ལ་བདེ་མྱུར་ཆེ་བ་དེ་ནི། རང་བྱུང་ཁོར་ཡུག་གིས་ཁོང་ཚོ་ལ་གནང་བའི་ལྷན་སྐྱེས་ཀྱི་སྐྱེས་སྟོབས་ཞིག་ཡིན་པ་བཞིན། ལོ་སར་དང་གཉེན་སྟོན། སྤྲོ་ཚོགས་སོགས་དུས་སྟོན་ཆེ་ཆུང་གང་འདྲ་ཞིག་ཡིན་ཡང་། ལ་གཞས་ནི་མེད་དུ་མི་རུང་བའི་དགའ་སྟོན་དང་སྤྲོ་ཚོགས་ཀྱི་མཚོན་རྟགས་གཙོ་བོ་དེ་ཡིན།
༢༠༢༥ལོའི་ལོ་སར་བསུ་ཆེད། ངེད་ཁམས་པ་བརྙན་འཕྲིན་ཁང་དང་། སི་ཁྲོན་མི་རིགས་རླུང་འཕྲིན་ཁང་། ཛམ་ཐང་རྫོང་བཅས་ཀྱིས་མཉམ་འབྲེལ་གྱི་སྒོ་ནས་སྤེལ་བའི་༼ཞི་མཐུན་མཆོད་དབྱངས་༽ཞེས་པའི་ལོ་སར་སྤྲོ་ཚོགས་ནང་མདོ་དབུས་ཁམས་གསུམ་དང་། རྒྱལ་ཕྱི་ནང་གི་གཟིགས་མོ་བ་ཡོངས་ལ། ལྟ་འདོད་པའི་བྲོ་གར་དང་ཉན་སྤྲོ་བའི་གླུ་གཞས། གཞན་ཡང་སྒྱུ་རྩལ་གྱི་བྲོ་བས་ཕྱུག་པའི་སྲོལ་རྒྱུན་རིག་གནས་འཁྲབ་སྟོན་སོགས་ཀྱི་ལྟད་མོ་ཡིད་དུ་འོང་བ་ཞིག་གྲ་སྒྲིག་བྱས་ཡོད་མོད། དེ་དག་ལས་ཛམ་ཐང་རྫོང་དམངས་གླུ་བརྒྱུད་སྦྱོང་ཁང་གི་གླུ་བ་གླུ་མ་ཚོས་བླངས་པའི་ཛམ་ལྷ་དགྱེས་གླུ་འདི་ནི། རྟེན་འབྲེལ་ལོ་ཡི་མགོ་མ་བསུ་བའི་དཔྱིད་ཀྱི་རྒྱལ་མོའི་མགྲིན་དབྱངས་ལྟར་ཀུན་གྱི་སྙན་དབང་གསོ་བའི་བདུད་རྩི་རུ་འགྱུར་བར་གདོན་མི་ཟ།
ཐེངས་འདིའི་ལོ་སར་སྤྲོ་ཚོགས་ནང་བླངས་ཡོད་པའི་ཛམ་ལྷ་དགྱེས་གླུ་ཞེས་པའི་ཛམ་ཐང་དམངས་གཞས་ནི་ཛམ་ཐང་རང་གི་དམངས་ཁྲོད་གླུ་གཞས་གཙོ་བོ་བྱས་པའི་ཐོག མདོ་དབུས་ཁམས་གསུམ་གྱི་དམངས་གཞས་སམ་ལ་གླུའི་ངག་རྟ་དང་། གླུ་ཚིག རྡུང་ལེན་བཅས་ཟུང་འབྲེལ་བྱས་ཡོད་ལ། ད་དུང་རོལ་ཆས་ལའང་སྒྲ་སྙན་དང་། འཕྲེད་གླིང་སོགས་སྤྱད་ནས། མཚམས་རེ་མཉམ་མགུར་བྱེད་པ་དང་། མཚམས་རེར་མི་རེ་རེ་བཞིན་ལེན་པ་སོགས་སྔར་དང་མི་འདྲ་བར་གར་སྟེགས་གཅིག་གི་སྟེང་ནས་ཡུལ་ལུང་སོ་སོའི་དམངས་གཞས་ཀྱི་སྙན་འགྱུར་དང་ཁྱད་ཆོས་ཡོངས་སུ་མྱོང་རོལ་བྱ་ཐུབ་པ་མ་ཟད། སྐད་ངག་སྙན་ལ་བྱད་གཟུགས་མཛེས་པའི་གླུ་བ་གླུ་མ་དག་གིས་མདོ་དབུས་ཁམས་གསུམ་གྱི་རྒྱན་གོས་ཆ་ལུགས་སྤྲས་ཡོད་པས་སྙན་པའི་གླུ་ལ་ཉན་ཞོར་ཡུལ་ཕྱོགས་སོ་སོའི་རྒྱན་གོས་རིག་གནས་ཀྱི་མཛེས་ཉམས་ལ་ལྟད་མོ་ཡིད་ཚིམ་པ་ཞིག་ལྟ་ཆོག
ཛམ་ཐང་རྫོང་ཁྲོན་ནུབ་དམངས་གཞས་བརྒྱུད་སྦྱོང་ཁང་༢༠༡༤ལོར་དབུ་ཚུགས་པ་ནས་བཟུང་ལོ་ངོ་དུ་མའི་རིང་ལ། ཛམ་ཐང་རྫོང་རིག་གནས་ཅུས་ཀྱི་རྒྱབ་སྐྱོར་འོག སྲོལ་རྒྱུན་གྱི་གླུ་གར་རིག་གནས་ལ་དགའ་ཞེན་ཆེན་པོ་ཡོད་པའི་རྒྱུན་འཛིན་པ་འགའ་ཤས་ཀྱི་ལྷག་བསམ་ཆེན་པོས་འབད་པ་ལྷོད་མེད་བྱས་པ་བརྒྱུད། ས་གནས་དེ་གའི་རིན་བྲལ་གྱི་གཟུགས་མེད་ཤུལ་བཞག་རིག་གནས་གྲས་ཀྱི་དམངས་གཞས་རིག་གནས་འདི་ཉིད། མ་ཉམས་གོང་འཕེལ། ཉམས་པ་སླར་གསོ་གཏོང་ནས་དུས་རབས་ཀྱི་རིག་གནས་གསར་པའི་རླབས་རྒྱུན་ཁྲོད་གནའ་བོའི་འགྱུར་ཁུག་ལ་སླར་ཡང་གསོན་ཤུགས་རྒྱས་པ་བྱས་ཡོད་པ་མ་ཟད། དམངས་གཞས་བརྒྱུད་སྦྱོང་ཁང་གི་འཁྲབ་སྟོན་པའམ། གླུ་བ་གླུ་མ་རྣམས་ཀྱང་ས་གནས་དེ་གའི་དམངས་ཁྲོད་ནས་བདམས་པའི་སྐད་ངག་སྙན་ཞིང་བྲོ་གར་ལ་མཁས་པའི་ན་གཞོན་དག་ཡིན་པས། སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་བརྒྱུད། ན་གཞོན་མང་པོས་རང་རང་གི་དགའ་མོས་དང་མཐུན་པའི་ལས་ཞུགས་གོ་སྐབས་རྙེད་ཡོད།
དེང་སང་ཛམ་ཐང་རྫོང་དམངས་གཞས་བརྒྱུད་སྦྱོང་ཁང་གིས་སྤེལ་བའི་སྲོལ་རྒྱུན་རིག་གནས་འཁྲབ་སྟོན་ལ་སྒྱུ་རྩལ་གྱི་དོན་སྙིང་ལྡན་ཞིང་ལྟད་མོའི་རིན་ཐང་ཇེ་ལེགས་ཕྱིན་ཡོད་པས་གཟིགས་མོ་བ་བགྲང་ལས་འདས་པས་དགའ་བསུ་ཆེན་པོ་ཐོབ་ཡོད་ལ། ལྷག་པར་དམངས་གཞས༼ཛམ་ལྷ་དགྱེས་གླུ༽འདི་བོད་ཁུལ་གྱི་རིག་གནས་དུས་སྟོན་དང་བྱེད་སྒོ། རྒྱལ་ནང་གི་ཞིང་ཆེན་གཞན་གྱི་རིག་གནས་མཛད་སྒོ་སོགས་སུ་འཁྲབ་སྟོན་བྱས་ནས་ཛམ་ཐང་རྫོང་གི་དམངས་གཞས་རིག་གནས་དེ་ཀུན་གྱིས་མྱོང་རོལ་ཐུབ་པ་བྱས་ཡོད།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།




