ཨ་རིའི་འཕྲིན་སྦྱོར་གྱིས་ཨི་ཟི་རེལ་གྱིས་ཨི་རན་གྱི་གཙོ་འཛིན་ལྐོག་གསོད་བྱེད་པའི་འཆར་གཞི་ཞིག་ཐེ་རོན་ཕུའུ་ཡིས་བཀག་ཡོད་པ་བསྟན།
| 2025-06-17 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཨ་རིའི་འཕྲིན་སྦྱོར་གྱིས་ཨི་ཟི་རེལ་གྱིས་ཨི་རན་གྱི་གཙོ་འཛིན་ལྐོག་གསོད་བྱེད་པའི་འཆར་གཞི་ཞིག་ཐེ་རོན་ཕུའུ་ཡིས་བཀག་ཡོད་པ་བསྟན།

ཚེས་བཅུ་དྲུག་ཉིན་ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨི་ཟི་རེལ་གྱིས་དེའི་སྔོན་ཨི་རན་གྱི་ཆེས་མཐོའི་གཙོ་འཛིན་ཧ་མེ་ནེ་དབྱི་ལྐོག་གསོད་བྱེད་པའི་འཆར་གཞི་བཟོས་ཡོད་ཀྱང་། འཆར་གཞི་དེ་ཨ་རིར་བཤད་རྗེས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་མོས་མཐུན་བྱས་མེད་པ་བསྟན།
འོན་ཀྱང་གསར་འགྱུར་ནང་ཨི་ཟི་རེལ་གྱི་ཙུང་ལིའི་མགྲིན་ཚབ་པ་ཨའོ་མོ·ཏུའོ་སི་ཐེ་ལི་ཡིས་ཨི་ཟི་རེལ་གྱིས་ཧ་མེ་ནེ་དབྱི་ལྐོག་གསོད་བྱ་རྒྱུའི་འཆར་གཞི་དེ་ཁས་ལེན་བྱས་མེད་པ་མ་ཟད།འབྲེལ་ཡོད་གནས་ཚུལ་དེའི་རིགས་རྫུན་མ་རེད་ཅེས་བཤད་འདུག ཨ་རིའི་མཐོ་རིམ་དཔོན་རིགས་ཤིག་གིས་གསར་འགོད་པར་གནས་ཚུལ་དེའི་ཐད་ལ་ཁོ་རང་གི་བསམ་ཚུལ་བཤད་རྒྱུར།ཐེངས་འདིའི་གདོང་ཐུག་ཁྲོད་ཨི་རན་གྱིས་ཨ་རི་བ་བསད་མེད་ལ། ཨི་རན་གྱིས་དངོས་གནས་དེ་ལྟར་བྱས་ན་མ་གཏོགས་ང་ཚོས་ཆབ་སྲིད་འགོ་ཁྲིད་པའི་འགན་འཁྲི་བདའ་འདེད་བྱ་རྒྱུ་མིན་ཟེར། ཐེ་རོན་ཕུའུ་སྲིད་གཞུང་གིས་མིག་སྔར་ཨི་རན་དང་ཨི་ཟི་རེལ་གྱི་གདོང་ཐུག་ཛ་དྲག་ཏུ་གྱུར་མི་འདོད་པས། ཧ་མེ་ནེ་དབྱི་ལྐོག་གསོད་བྱེད་པའི་འཆར་གཞི་དེས་གདོང་ཐུག་ཇེ་སྡུག་ཏུ་འགྲོ་བ་མ་ཟད། ས་ཁུལ་དེའི་བརྟན་ལྷིང་ལ་གཏོར་བརླག་ཐེབས་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཚེས་བཅོ་ལྔ་ཉིན། ཨི་ཟི་རེལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཨ་རིའི་ཧྥུ་ཁེ་སི་གསར་འགྱུར་དྲ་བའི་བཅར་འདྲི་དང་ལེན་བྱེད་སྐབས། གོང་གི་འབྲེལ་ཡོད་འཆར་གཞིའི་སྐོར་བཅར་འདྲི་བྱས་ཀྱང་ཁོས་དེའི་ཕྱོགས་ནས་ལན་གང་ཡང་བཏབ་མེད། འོན་ཀྱང་ཁོས་ཨི་ཟི་རེལ་གྱིས་བསྒྲུབ་དགོས་པའི་བྱ་བ་སྒྲུབ་ངེས་ཡིན་པ་དང་། ཁོས་ཨ་རི་ཡིས་རང་ལ་ཕན་པ་གང་ཡིན་པ་ཤེས་ཀྱི་རེད་ཟེར།
ནེ་ཐ་ཉི་ཡ་ཧུའུ་ཡིས་ད་དུང་ཨི་རན་གྱིས་ཐེ་རོན་ཕུའུ་ནི་ཁོང་ཚོའི་ཉིང་རྡུལ་འཆར་གཞིར་འཇིགས་སྐུལ་གཏོང་མཁན་དང་དགྲ་གཙོ་བོར་བརྩི་བཞིན་ཡོད་པས། ཁོ་ཚོས་ཐེ་རོན་ཕུའུ་ལྐོག་གསོད་བྱ་རྒྱུའི་འཆར་གཞི་འཐེན་ཡོད་ཅེས་བཤད་པ་རེད།




