བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་བཞུགས་མོལ་ཚོགས་འདུ་གཞིས་རྩེ་གྲོང་ཁྱེར་དུ་འཚོགས།
| 2025-12-11 来源:ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། | 分享: |
སྤྱི་ཟླ་12ཚེས་8ཉིན་གྱི་སྔ་དྲོ། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་བཞུགས་མོལ་ཚོགས་འདུ་གཞིས་རྩེ་གྲོང་ཁྱེར་དུ་འཚོགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
པཎ་ཆེན་རིན་པོ་ཆེས་གསུངས་དོན། སྤྱི་ལོ་1995ལོར་ཀྲུང་དབྱང་སྲིད་གཞུང་གིས་ང་རང་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་བྱས་པ་དེ་ནི་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལ་བརྩི་སྲུང་ཞུས་པའི་འབྲས་བུ་ཞིག་ཡིན། འདས་པའི་ལོ་ངོ་30ཡི་རིང་། ཏང་ཀྲུང་དབྱང་གིས་ཐུགས་ཁུར་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་རེ་ཟབ་མོ་གནང་བ་དེས། ཀྲུང་དབྱང་སྲིད་གཞུང་གིས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་མཚོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན།《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས》ལག་བསྟར་བྱས་པ་བརྒྱུད། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་དེ་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་དུ་བསྐྱོད་ཡོད།
པཎ་ཆེན་རིན་པོ་ཆེས་ནན་བཤད་གནང་དོན། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཐད་ངེས་པར་དུ་ཁྲིམས་ལྟར་དོ་དམ་དང་། ཆོས་ལུགས་ཀྱི་ཆོ་གར་བརྩི་སྲུང་། ལོ་རྒྱུས་ཀྱི་ངེས་སྲོལ་ལ་བརྩི་སྲུང་བཅས་བྱེད་པའི་རྩ་དོན་གལ་ཆེན་གསུམ་མཐའ་འཁྱོངས་བྱེད་དགོས་ཤིང་། ལྷག་པར་དུ་“རྒྱལ་ནང་དུ་བཙལ་འཚོལ་དང་། གསེར་བུམ་དཀྲུག་འདོན། ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་དགོས་པ”བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ། མངའ་ཁོངས་ཕྱིའི་རྩ་འཛུགས་དང་མི་སྒེར་གང་རུང་གི་ཐེ་ཇུས་མི་ཕོག་པ་བྱེད་དགོས། དེ་འདྲ་བྱུང་ཚེ་གཞི་ནས་རྒྱལ་ཁབ་ཀྱི་བདག་དབང་དང་སྲིད་གཞུང་གི་དབང་གྲགས་མངོན་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཐུབ་ལ། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་ཐུབ་པ་ཞིག་ཡོང་ངེས་རེད། དེ་བཞིན་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ནང་བསྟན་མཐུན་ཚོགས་དང་བླ་སྤྲུལ་རྣམས་ཀྱིས་རང་འགན་གང་ལེགས་འཁུར་དགོས་པའི་བླང་བྱ་བཏོན་གནང་ཡོད།
ཚོགས་འདུའི་ཐོག་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཁྲང་ཚང་གིས་གསུང་བཤད་གནང་སྐབས། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་གྱིས་ཆོས་ལུགས་ཞི་དུལ་དང་སྤྱི་ཚོགས་ཞི་མཐུན་ཡོང་བར་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་པ་རེད། དེ་བཞིན་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྫོང་ལོ་བྱམས་པ་མཁས་གྲུབ་དང་། ས་ལུང་ཕུན་ལགས། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ་སོགས་ཚོགས་འདུར་ཞུགས་ཡོད། ཚོགས་འདུའི་ཐོག་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་མཁས་དབང་ཚོས་གཏམ་བཤད་སྤེལ་བ་རེད།




