英文藏文APP W020161009565839193236.jpg | 微信 111111111.jpg

ཞི་ཅིན་ཕིང༢༠༢༢ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་བརྙན་ལམ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་གནང་།

2022-01-18 来源:ཤམ་བྷ་ལ་ཆ་འཕྲིན། 作者: 分享:

  ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིན་དུ༢༠༢༢ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་བརྙན་ལམ་གྲོས་ཚོགས་སུ་ཞུགས་པ་མ་ཟད་ཡིད་ཆེས་བརྟན་པོས་མདུན་དུ་བསྐྱོད་ནས་རིམས་ནད་འཇགས་རན་པའི་སྐྱིད་པའི་མ་འོངས་བསུ་ཞེས་པའི་གསུང་བཤད་གནང་བ་རེད།

  ཞི་ཅིན་ཕིང་གིས་ཐོག་མར་གཟའ་འཁོར་གཉིས་ཀྱི་རྗེས་ལ་ཀྲུང་གོའི་ཆུ་ཕོ་སྟག་ལོ་ལོ་སར་ཤར་རྒྱུ་རེད། ཀྲུང་གོའི་རིག་གནས་ནང་། སྟག་ནི་སྤོབས་པ་དང་སྟོབས་ཤུགས་ཀྱི་མཚོན་བྱེད་ཡིན་པས། ཀྲུང་གོ་བས་དུས་རྒྱུན་པར་སྟག་འདྲ་གཟིག་འདྲ་དང་། སྟག་སེང་ཁྱུང་འབྲུག་ཅེས་ཟེར།

  མིག་སྔར་མིའི་རིགས་ལ་འཕྲད་པའི་འགྲན་སློང་དྲག་པོར་ཁ་གཏད་ནས། ང་ཚོས་སྟག་མོར་གཤོག་པ་ཐོགས་པ་དང་། སྟག་འདྲ་གཟིག་འདྲའི་སྤོབས་པར་བརྟེན་ནས་མདུན་སྐྱོད་ལམ་བུའི་ཐོག་གི་འགྲན་སློང་སྣ་ཚོགས་སེལ་བ་དང་། ཏོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པ་སེལ་གང་ཐུབ་དང་། དཔལ་འབྱོར་དང་སྤྱི་ཚོགས་སླར་གསོ་འཕེལ་རྒྱས་བཏང་ནས། མིའི་རིགས་ལ་རེ་བ་སྟེར་དགོས་ཞེས་གསུངས་པ་རེད།

  ཞི་ཅིན་ཕིང་གིས། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་བྱུང་བཞིན་ཡོད། འགྱུར་ལྡོག་འདི་ནི་གནས་སྐབས་དང་དོན་དག་གཅིག རྒྱལ་ཁབ་དང་ས་ཁུལ་གཅིག་ཙམ་གྱི་མིན་ལ། དུས་རབས་ཀྱི་འགྱུར་བ་ཆེན་པོ་རེད། དུས་རབས་ཀྱི་འགྱུར་ལྡོག་དང་དུས་རིམ་རིམས་ནད་མཉམ་དུ་འབྲེལ་བས། འཛམ་གླིང་ལ་ཟིང་ཆ་དང་འགྱུར་ལྡོག་འཕྲད་ཡོད། རིམས་ནད་ལས་ཇི་ལྟར་རྒྱལ་དགོས་པ་དང་། རིམས་ནད་རྗེས་ཀྱི་འཛམ་གླིང་འཛུགས་སྐྱོང་ཇི་ལྟར་བྱེད་དགོས་ཟེར་ན། འདི་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཐུན་མོང་སེམས་ཁུར་བྱེད་པའི་གནད་དོན་ཆེན་པོ་ཞིག་ཡིན་པ་དང་། ང་ཚོས་ངེས་པར་དུ་ཐག་གཅོད་དགོས་པའི་ཛ་དྲག་ཆེ་བའི་གནད་དོན་ཡང་རེད་ཅེས་ནན་གསུངས་གནང་བ་རེད།

  ཞི་ཅིན་ཕིང་གིས། འཛམ་གླིང་བྱ་གཞག་མ་དར་ན་རྒུད་པ་དང་། འཛམ་གླིང་བཅོས་སྐྱོང་མ་སྤེལ་ན་ཉམས་འགྲོ། འཛམ་གླིང་དེ་འགལ་བའི་ཁྲོད་དུ་འཕེལ་རྒྱས་སོང་ནས། འགལ་བ་མེད་ན་འཛམ་གླིང་མེད། ལོ་རྒྱུས་ལ་ཞིབ་ལྟ་བྱེད་དུས་འགྲོ་བ་མིའི་རིགས་དེ་ཉམས་སད་ལས་རྒྱལ་ཏེ་འཕེལ་རྒྱས་བྱུང་བ་དང་། ཉམས་ཉེན་རེ་རེ་བསལ་ནས་འཕེལ་རྒྱས་བྱུང་བ་རེད། ང་ཚོས་ལོ་རྒྱུས་ཀྱི་མདུན་སྐྱོད་ཀྱི་ཆོས་ཉིད་ཁྲོད་མདུན་དུ་འཕེལ་རྒྱས་འགྲོ་བ་དང་། དུས་རབས་ཀྱི་འཕེལ་རྒྱས་ཁྲོད་འཕེལ་རྒྱུས་བྱུང་བ་རེད། ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ཁྲོད་ཞིབ་བསྡུར་དང་དབྱེ་ཞིབ་བྱས་ནས་བསམ་བློ་གཏོང་མཁས་པ་དང་། ཞིབ་ཕྲ་ནས་བྱ་དངོས་ཀྱི་འགྱུར་ལྡོག་ལ་གསལ་རྟོགས་བྱེད་མཁས་པ། ཉམས་ཉེན་ཁྲོད་གོ་སྐབས་གསར་པ་བཙལ་བ་དང་། འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་གཏོད་དེ། དཀའ་ཁག་ལས་རྣམ་པ་རྒྱལ་བ་དང་། འགྲན་སློང་གི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས།

  དང་པོ་ནི་མཐུན་སྒྲིལ་མཉམ་ལས་བྱས་ནས། རིམས་ནད་ལས་རྣམ་པར་རྒྱལ་བ་དང་། དོན་དངོས་ལས་འཛམ་གླིང་རང་བཞིན་གྱི་ཉམས་ཉེན་ཀྱི་དཀའ་སྡུག་ཁྲོད། རྒྱལ་ཁབ་སོ་སོ་ནི་རང་རང་སོ་སོར་གནས་པ་ཞིག་མིན་ལ། ཚེ་སྲོག་གཅིག་པའི་ལས་དབང་ཐུན་མོང་ཚོགས་པ་རེ་ཡོད། རྒྱལ་ཁབ་གཅིག་པུས་དཀའ་སྡུག་མི་ཐེག་ལ། མཉམ་ལས་བྱས་ན་དཀའ་སྡུག་སེལ་ཐུབ། བློ་བརྟན་འགྱུར་མེད་ཀྱིས་ཡིད་ཆེས་ཇེ་བརྟན་དང་། དཀའ་སྡུག་མཉམ་མྱོང་བྱེད་པ་ནི་རིམས་ནད་ལས་རྣམ་པར་རྒྱལ་བའི་ཡང་དག་པའི་ལམ་བུ་ཁོ་ན་དེ་ཡིན། ཕན་ཚུན་བཀག་སྡོམ་དང་མ་ཉེས་ཁ་གཡོགས་བྱེད་པའི་བྱ་སྤྱོད་གང་རུང་གིས་གོ་སྐབས་ལ་བཀག་འགོག་དང་ཡོངས་ཁྱབ་ལ་གནོད་པ་བཟོ་རྒྱུ་རེད། འཛམ་གླིང་གི་རྒྱལ་ཁབ་སོ་སོས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཇེ་དྲག་ཏུ་བཏང་ནས། སྨན་རྫས་ཞིབ་འཇུག་གསར་སྤེལ་མཉམ་ལས་གང་ཐུབ་བྱེད་པ་དང་། མཉམ་དུ་རིམས་ནད་ཀྱི་མ་མཐའི་ཚད་གཞི་སྲུང་ནས། འགྲོ་བ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་དགོས། ཁྱད་པར་དུ་འགོག་ཁབ་བེད་ཡག་པོ་སྤྱད་དེ། འགོག་ཁབ་འདྲ་མཉམ་བགོ་བཤའ་ལ་ཁག་ཐེག་དང་། འགོག་ཁབ་རྒྱག་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། རྒྱལ་སྤྱིའི་འགལ་བ་བསལ་ནས། ཚེ་སྲོག་བདེ་ཐང་སྲུང་སྐྱོང་ཡག་པོ་དང་མི་དམངས་ཀྱི་འཚོ་བ་འགན་སྲུང་ཡག་པོ་བྱེད་དགོས།

  གཉིས་པ་ནི་ཉེན་ཁ་སྣ་ཚོགས་བསལ་ནས་འཛམ་གླིང་དཔལ་འབྱོར་གཏན་འཇགས་སླར་གསོར་སྐུལ་འདེད་གཏོང་དགོས། འཛམ་གླིང་དཔལ་འབྱོར་ཉམས་རྒུད་ནས་སླར་གསོ་འབྱུང་བཞིན་ཡོད་མོད། ཚོད་འཛིན་རྒྱུ་རྐྱེན་གྱི་ཚོད་འཛིན་དང་འཕྲད་ཡོད། ང་ཚོས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཆ་རྐྱེན་འོག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་སྤྱི་ཚོགས་འཚོ་བའི་རྣམ་པ་གསར་པ། མི་སྣ་འགྲོ་འོང་གི་ལམ་བུ་གསར་པ་འཚོལ་ཞིབ་བྱས་ཏེ། རྒྱལ་ཁོངས་བརྒལ་བའི་ཉོ་ཚོང་སྟབས་བདེ་ཅན་བཟོ་བ་དང་།  ཐོན་ལས་མ་ལག་དང་མཁོ་འདོན་མ་ལག་བདེ་འཇགས་ཐོགས་མེད་འགན་སྲུང་བྱས་ཏེ། འཛམ་གླིང་དཔལ་འབྱོར་སླར་གསོ་བརྟན་པོ་ཡོང་བར་བྱེད་དགོས། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཕྱོགས་མང་རིང་ལུགས་རྣལ་མ་རྒྱུན་འཁྱོངས་བྱས་ནས། གྱང་རགས་གཏོར་བ་ལས་མི་བསྐྲུན་པ་དང་། སྒོ་འབྱེད་བྱེད་པ་ལས་སྒོ་བཀག་མི་བྱེད་པ། མཉམ་འདྲེས་བྱེད་པ་ལས་འབྲེལ་ཐག་མི་གཅོད་པ་རྒྱུན་འཁྱོངས་བྱས་ནས། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྱོང་དང་དཔལ་འབྱོར་འཛམ་གླིང་ཅན་དེ་སྔར་བས་སྒོ་འབྱེད་དང་གུ་ཡངས། ཀུན་ཕན། དོ་སྙོམས། མཉམ་རྒྱལ་ཁ་ཕྱོགས་ཀྱི་འཕེལ་རྒྱས་བཏང་ནས། འཛམ་གླིང་དཔལ་འབྱོར་གྱི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས། འཛམ་གླིང་དཔལ་འབྱོར་ཉེན་ཁ་ལས་ཐར་ནས་སླར་གསོ་ཐུབ་དགོས་ན། ངེས་པར་དུ་སྤྱི་ཁོག་སྲིད་ཇུས་ཀྱི་མཐུན་སྦྱོར་བྱེད་དགོས། དཔལ་འབྱོར་ཚོགས་པ་གཙོ་བོས་ཐུན་མོང་ཚོགས་པའི་འདུ་ཤེས་བཙུགས་ནས་མ་ལག་འདུ་ཤེས་ཇེ་དྲག་དང་སྲིད་ཇུས་ཆ་འཕྲིན་གསལ་པོ་དང་མཉམ་སྦྱོད་བྱས་ཏེ། ནོར་སྲིད་དང་དངུལ་ལོར་སྲིད་ཇུས་ཀྱི་དམིགས་ཡུལ་དང་ཤུགས་ཚད། མྱུར་ཚད་སོགས་མཐུན་སྦྱོར་བྱེད་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཁག་གིས་འགན་འཁྲི་ཁུར་བའི་དཔལ་འབྱོར་སྲིད་ཇུས་ལག་བསྟར་བྱས་ཏེ་སྲིད་ཇུས་ཁྱབ་བརྡལ་གྱི་ནུས་པར་ཚོད་འཛིན་དོ་དམ་ཡག་པོ་བྱས་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་གནོད་པ་ཚབས་ཆེན་ཐེབས་པར་གཡོལ་དགོས། རྒྱལ་སྤྱིའི་དངུལ་རྩའི་ལས་ཁུངས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྒྱལ་སྤྱིའི་ངོས་འཛིན་གཅིག་མཐུན་དང་སྲིད་ཇུས་མཐུན་སྦྱོར་ཇེ་དྲག མ་ལག་རང་བཞིན་གྱི་ཉེན་ཁ་འགོག་དགོས།

  གསུམ་པ་ནི་འཕེལ་རྒྱས་ཀྱི་འགལ་བ་བསལ་ནས། འཛམ་གླིང་འཕེལ་རྒྱས་ཀྱི་ལས་དོན་སླར་གསོ་བྱེད་དགོས། འཛམ་གླིང་འཕེལ་རྒྱས་ལ་གནོད་པ་ཆེན་པོ་ཐེབས་ནས་མིའི་རིགས་ཀྱི་འཕེལ་རྒྱས་སྟོན་གྲངས་དེ་ལོ་སུམ་ཅུའི་རིང་ཐེངས་དང་པོར་མར་ཆག འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁ་ཤས་རིམས་ནད་ཀྱི་དབང་གིས་དབུལ་ལོག་དང་ཟིང་འཁྲུག་ལངས་ཤིང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་མང་ཚོགས་མང་པོའི་འཚོ་བར་དཀའ་ཁག་བྱུང་། དཀའ་ཁག་ཅི་ཞིག་དང་འཕྲད་ཀྱང་ང་ཚོས་མི་དམངས་གཙིགས་སུ་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་དང་དམངས་འཚོ་འགན་སྲུང་དེ་འཛམ་གླིང་སྤྱི་ཁོག་སྲིད་ཇུས་ཀྱི་འབུར་ཐོན་གནས་ལ་འཇོག་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་༢༠༣༠ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལག་བསྟར་དང་ད་ཡོད་འཕེལ་རྒྱས་མཉམ་ལས་ལམ་ལུགས་མཐུན་སྦྱོར་ནུས་མཐོར་བཏང་ནས། འཛམ་གླིང་འཕེལ་རྒྱས་དོ་སྙོམས་ཡོང་བར་བྱེད་དགོས། ང་ཚོས་ཐུན་མོང་དང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་སྒྲོམ་གཞིའི་་ནང་ནས་ནམ་ཟླའི་འགྱུར་ལྡོག་གི་རྒྱལ་སྤྱིའི་མཉམ་ལས་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་ཐེངས་ཉེར་དྲུག་པའི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་གྱི་གྲུབ་འབྲས་ལག་བསྟར་བྱེད་དགོས།

  དཔལ་འབྱོར་ཚོགས་པ་དར་རྒྱས་གཏོང་དགོས་ན་སྙིགས་འཕྲོ་འགན་འཁྲི་སྔོན་ལ་ལག་བསྟར་བྱེད་དགོས་པ་མ་ཟད། དངུལ་རྩ་དང་ལག་རྩལ་རྒྱབ་སྐྱོར་ཐད་ཀྱི་དམ་བཅའ་ལག་བསྟར་བྱས་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་རྒྱུན་མཐུད་འཕེལ་རྒྱས་ཐུབ་པའི་དགོས་ངེས་ཀྱི་ཆ་རྐྱེན་ཡིན་པ་རེད། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འགོ་ནི་འཛམ་གླིང་ལ་སྒོ་འབྱེད་པའི་སྤྱི་པའི་ཐོན་རྫས་ཤིག་རེད། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་ལས་བྱས་ཏེ། གྲོས་འགོ་ལག་བསྟར་ལ་མཉམ་དུ་སྐུལ་ནས། རྒྱལ་ཁབ་གཅིག་ཀྱང་མི་ལུས་པར་བྱེད་དགོས།

  བཞི་པ་ནི་རྗེས་ལུས་ཀྱི་བསམ་བློ་འདོར་བ་དང་། ཞི་བདེ་མཉམ་གནས་དང་གཉིས་ཁེ་མཉམ་ཕན་ཡོང་བར་བྱེད་དགོས། མིག་སྔར་འཛམ་གླིང་དེ་འདྲའི་ཞི་བདེ་མིན་པ་དང་། འཁོན་འཛིན་ངན་སྐུལ། ཕྱོགས་རིས་བཅས་ཀྱི་སྐད་ཆ་རྣ་བར་སུན་པས། དེ་ལས་བཟོས་པའི་མི་ལེགས་པའི་སྣང་ཚུལ་དང་ཐ་ན་འཛམ་གླིང་ཞི་བདེ་དང་ཉེན་མེད་ལ་ངོ་རྒོལ་བྱས་ན་གནོད་པ་ལས་ཕན་པ་ཅི་ཡང་མེད། ལོ་རྒྱུས་ཀྱིས་ཡང་དང་བསྐྱར་དུ། ངོ་རྒོལ་བྱས་ན་དོན་དག་གཅིག་ཀྱང་འགྲུབ་མི་སྲིད་ལ། དེ་ལས་ལྡོག་སྟེ་མཇུག་འབྲས་ངན་པ་བཟོ་སྲིད་པ་བདེན་དཔང་བྱེད་ཐུབ། སྲུང་སྐྱོང་རིང་ལུགས་དང་ཕྱོགས་ལྷུང་རིང་ལུགས་བྱས་ན། སུ་ཡིས་ཀྱང་སྲུང་སྐྱོབ་བྱེད་མི་ཐུབ་པ་མ་ཟད། གཞི་ནས་རང་ཉིད་ཕམ་པའི་རྒྱུ་རུ་འགྱུར་ངེས་རེད། བཙན་དབང་བཙན་རྒོད་བྱེད་པ་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་ལྡོག་པ་ཞིག་རེད། རྒྱལ་ཁབ་ཕན་ཚུན་བར་འགལ་བ་དང་འགལ་ཟླ་ཡོད་སྲིད་མོད། རེད་དེ་ཕ་རོལ་པོར་ཕམ་པ་དང་རང་ཉིད་རྒྱལ་བའི་འགྲན་རྩོད་ནི་ཕན་ཐོགས་གང་ཡང་མེད། ཞི་བས་འཕེལ་རྒྱས་དང་མཉམ་ལས་གཉིས་ཁེ་ནི་ད་གཟོད་མི་ཡུལ་གྱི་བདེན་ལུགས་རེད།

  རྒྱལ་ཁབ་མི་འདྲ་བ་དང་རིག་གནས་མི་འདྲ་བས་ཕན་ཚུན་བརྩི་འཇོག་བྱེད་པའི་ཁྲོད་ནས་མཉམ་དུ་འཕེལ་རྒྱས་གཏོང་བ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་དགོས། ང་ཚོ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་མོ་དང་བསྟུན་པ་དང་། དེ་ལྟར་བྱས་ན་རྒྱལ་སྤྱིའི་སྒྲིག་ལམ་བརྟན་པོ་དང་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བཅས་ལ་ཕན་པ་ཡོད། གླེང་མོལ་ལས་ངོ་རྒོལ་མི་བྱེད་པ་དང་ཁོག་ཡངས་ལས་ཕྱིར་འབུད་མི་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྣམ་པ་གང་རུང་གི་ཕྱོགས་ལྷུང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཡོད་ཚད་ལ་ངོ་རྒོལ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་ཀྱི་བཙན་དབང་རིང་ལུགས་དང་ཆབ་སྲིད་བཙན་དབང་ཡོད་ཚད་ལ་ངོ་རྒོལ་བྱེད་དགོས་ཞེས་གསུངས།

  ཞི་ཅིན་ཕིང་གིས། ན་ནིང་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་ལོ་རེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་ཁག་ཁྱད་གསོད་བྱས་ཤིང་། རྒྱལ་ཁབ་འཛུགས་སྐྲུན་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་གཏོང་བའི་ཐད་ནས་ཀུན་གྱིས་དོ་སྣང་བྱས་པའི་གྲུབ་འབྲས་བླངས་ཡོད། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་གི་དམིགས་འབེན་དུས་ལྟར་འགྲུབ་པ་དང་། དུས་ལྟར་དབུལ་བྲལ་འགག་སྒྲོལ་ལས་རྣམ་པར་རྒྱལ་བ་མ་ཟད། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་ཕོངས་དབུལ་ནག་བསལ་ཡོད། ད་ལྟ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་བྱེད་པའི་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་བགྲོད་ལམ་གསར་པའི་ཐོག་སྐྱོད་བཞིན་ཡོད།

  ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་སྤུས་ཀ་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་རེད། ཀྲུང་གོའི་དཔལ་འབྱོར་སྤྱིའི་ཐོག་ནས་འཕེལ་རྒྱས་གནས་བབ་ཡག་པོ་རེད།ན་ནིང་ཀྲུང་གོའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆའི་བརྒྱད་ཡས་མས་འཕར་བ་དང་།འཕར་ཚད་ཅུང་མཐོ་བ་དང་དངུལ་ལོར་འགྲེམ་ཐལ་ཤོར་ཚད་ཅུང་དམའ་བའི་དམིགས་འབེན་གཉིས་འགྲུབ་ཡོད། རྒྱལ་ནང་དཔལ་འབྱོར་གྱི་ཁོར་ཡུག་ཐད་གནོན་ཤུགས་ཆེན་པོར་འཕྲད་ནའང་།ཀྲུང་གོའི་དཔལ་འབྱོར་གྱི་བབ་བསྟུན་ནུས་པ་དང་གཏིང་ཤུགས་ཡོད་པ། ཡུན་རིང་ཇེ་ལེགས་འགྲོ་བའི་གཞི་རྩའི་ངོ་བོ་འགྱུར་མེད།  ང་ཚོ་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། ཀྲུང་གོས་མི་སྒོ་ཀུན་ནས་འཕེལ་རྒྱས་གཏོང་བ་དང་།མི་དམངས་མཉམ་དུ་ཕྱུག་འགྱུར་ཡོང་བའི་ཐད་དོན་དངོས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་དང་།དེའི་ཐད་ནས་ཕྱོགས་སོ་སོས་ཧུར་བརྩོན་བྱེད་དགོས་ཞེས་བཏོན་ཡོད།

  ཀྲུང་གོའི་བློ་བརྟན་འགྱུར་མེད་ཀྱིས་བཅོས་བསྒྱུར་སྒོ་འབྱེད་བྱེད་རྒྱུ་རེད། ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ནམ་ཡང་བྱེད་བཞིན་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་བྱུང་ཡང་། ཀྲུང་གོས་བཅོས་བསྒྱུར་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་བསྒྲེངས་ངེས་རེད། ཀྲུང་གོས་མུ་མཐུད་དེ་ཚོང་རའི་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཐག་གཅོད་རང་བཞིན་གྱི་ནུས་པ་བཏོན་ནས། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ཇེ་བརྟན་དང་འཕེལ་རྒྱས་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་སློང་དང་རྒྱབ་སྐྱོར།སྣེ་ཁྲིད་བཅས་བྱེད་རྒྱུ་རེད། ཀྲུང་གོས་གཅིག་གྱུར་སྒོ་འབྱེད་དང་འགྲན་རྩོད་གོ་རིམ་ལྡན་པའི་ཚོང་རའི་མ་ལག་བཙུགས་ནས། ཁེ་ལས་ཡོད་ཚད་ཁྲིམས་ལུགས་མདུན་གྱི་གོ་གནས་འདྲ་མཉམ་དང་ཚོང་རའི་ནང་གི་གོ་སྐབས་འདྲ་མཉམ་ཡིན་པར་འགན་སྲུང་བྱ་རྒྱུ་རེད། ཀྲུང་གོས་རིགས་སོ་སོའི་མ་རྩ་ཀྲུང་གོ་རུ་ཁྲིམས་མཐུན་སྒྲིག་མཐུན་ངང་ཚོང་གཉེར་བྱས་ནས། ཀྲུང་གོའི་འཕེལ་རྒྱས་ལ་ནུས་པ་ཆེན་པོ་འདོན་པར་དགའ་བསུ་ཡོད། ཀྲུང་གོས་མུ་མཐུད་དེ་ཆུ་ཚད་མཐོན་པོས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་དང་། རྩ་དོན་དང་དོ་དམ། ཚད་གཞི་སོགས་ལམ་ལུགས་རང་བཞིནགྱི་སྒོ་འབྱེད་རྒྱ་སྐྱེད་གཏོང་བ་དང་། ཕྱི་དངུལ་སྤྱོད་པའི་ཁེ་ལས་ཀྱི་རྒྱལ་དམངས་ཐོབ་ཐང་ལག་བསྟར་བྱས་ནས། རྒྱུད་གཅིག་ལམ་གཅིག་སྤུས་ཀ་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་དགོས།

  ཀྲུང་གོས་བློ་བརྟན་གྱུར་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་ཡིན། དཔལ་འབྱོར་འཕེལ་རྒྱས་གཏོང་ན་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་གཏོར་བརླག་གཏོང་མི་སྲིད་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ན་ཡང་དཔལ་འབྱོར་འཕེལ་རྒྱས་གཏོང་མི་སྲིད་པ་མ་རེད། ཀྲུང་གོས་རི་སྔོན་པོ་དང་ཆུ་དྭངས་མོ་ནི་གསེར་རི་དངུལ་རི་ལྟ་བུའི་འདུ་ཤེས་རྒྱུན་འཁྱོངས། རི་ཆུ་ནགས་གསུམ་དང་རྩྭ་ཞིང་བྱེ་ཐང་ཕུང་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་། ཅི་ཐུབ་གང་ནུས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་ཅི་ཐུབ་གང་ནུས་ཀྱིས་འབག་བཙོག་འགོག་བཅོས་ཇེ་དྲག། ཅི་ཐུབ་གང་ནུས་ཀྱིས་མི་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་ལེགས་སྒྱུར་གཏོང་རྒྱུ་རེད། ཐན་རྩེ་སོན་དང་ཐན་གཏོང་སྙོམས་ནི་ཀྲུང་གོའི་འཕེལ་རྒྱས་སྤུས་དག་གཏོང་བའི་ནང་རྐྱེན་དགོས་མཁོ་རེད་ལ། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་གི་ཁས་ལེན་ནན་མོ་ཡང་རེད། ཀྲུང་གོས་ཁས་ལེན་དམ་དུ་འཛིན་ཞིང་འཕེལ་རྒྱས་བརྟན་པོ་གཏོང་རྒྱུ་དང་། ཐན་རྩེ་སོན་དང་ཐན་གཏོང་སྙོམས་ནི་ནམ་ཡང་ལྷོད་གཡེང་གཏན་ནས་མི་བྱེད། ཀྲུང་གོས་གསར་གཏོད་དང་གཞི་ཚུགས་ཟུང་དུ་འབྲེལ་ཞིང་བརྟན་ཐོག་སྲ་བརྟན་བཏང་ནས། ནུས་ཁུངས་གསར་པའི་ཚབ་བྱེད་རུང་བའི་རྒྱུད་རིམ་ཁྲོད་སྲོལ་རྒྱུན་གྱི་ནུས་ཁུངས་འཛད་སྤྱོད་ཇེ་ཉུང་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བརྟན་པོར་གཏོང་རྒྱུ་ཡིན། ཀྲུང་གོས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་པའི་རྒྱལ་སྤྱིའི་མཉམ་ལས་སྤེལ་གང་ཐུབ་བྱས་ནས།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་འབག་མེད་ལུགས་སྒྱུར་གཏོང་རྒྱུ་ཡིན་ཞེས་གསུངས།

关键词 >>
分享:

相关阅读

网站地图 新闻 专题 晚会活动 康巴卫视节目 视频 娱乐 图说 文化 旅游
国内国际
涉藏新闻
岗日杂塘
启米时间
法治明镜
向巴聊天
康巴讲坛
康巴欢乐汇
雪域高原
欢乐星播客
快乐汉藏语
周末大舞台
藏歌金曲
云丹科普苑
格桑花开
翁姆报天气
央视新闻联播
康巴卫视新闻
纪录片
微视频
专题片
电影
电视剧
动画片
藏歌藏舞
晚会活动
文化动态
藏传佛教
名家专栏
艺术
旅游资讯
景点推荐
风土人情
旅游宝典
加载更多 >>
涉藏各地
甘南武威天祝玉树果洛海南海北海东海西黄南迪庆州昌都那曲林芝拉萨日喀则山南阿里甘孜州阿坝州凉山木里
合作媒体
关于我们卫视动态播出时间表广告刊例用户协议举报制度

蜀ICP备 15032686号

新闻信息服务资质备案号:川新备14-000059

川公网安备 51019002000121号


中国互联网举报中心

四川省互联网不良与违法信息举报中心


违法及不良信息举报电话:028-8598 1942