ཀྲུང་གོས་ཁམ་ཕུ་ཁྲེར་རོགས་སྐྱོར་བྱས་པའི་གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་ཀྱི་དུས་ཐེངས་གཉིས་པའི་ལས་གྲྭ་འགོ་ཚུགས་པ།
2022-11-23 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་ནོམ་ཕེན་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་ཆར། ཀྲུང་གོས་ཁམ་ཕུ་ཁྲེར་རོགས་སྐྱོར་བྱས་པའི་གྲོང་གསེབ་གཞུང་ལམ་རྣམ་གྲངས་ཀྱི་དུས་ཐེངས་གཉིས་པའི་ལས་གྲྭ་འགོ་ཚུགས་པའི་མཛད་སྒོ་ཁམ་ཕུ་ཁྲེའི་པང་ཆིང་དབྱང་ཞིང་ཆེན་དུ་གཉེར་བ་རེད། ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དཔལ་འབྱོར་ཚོང་དོན་ཚན་ཙན་ཝུའུ་གོ་ཆོན་དང་ཁམ་ཕུ་ཁྲེའི་གྲོང་གསེབ་འཕེལ་རྒྱས་བློན་ཆེན་ཝུའུ་ལ་པུན་སོགས་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་རེད།
ཝུའུ་གོ་ཆོན་གྱིས། ཀྲུང་གོ་སྲིད་གཞུང་གིས་ཁམ་ཕུ་ཁྲེའི་འགྲོ་ལམ་ཉམས་གསོ་དང་། རིམ་སྤོར། སྒྱུར་བཀོད་བཅས་དང་ཟམ་པ་སྐྲུན་རོགས་བྱས་ནས་ས་གནས་དེ་གའི་དམངས་ཚོགས་འགྲོ་སྐྱོད་ལ་སྟབས་བདེ་བསྐྲུན་པ་མ་ཟད། ད་དུང་ས་ཁུལ་དེ་དག་ལ་སྐྱེ་སྟོབས་དང་གསོན་ཤུགས་དེ་བས་མང་བ་སྦྱིན་ཡོད། སང་ལོ་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་པོའི་དབར་དངོས་སུ་ཕྱི་འབྲེལ་བཙུགས་ནས་ལོ་65འཁོར་བའི་ལོ་ཡིན་པས། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་མི་དམངས་ཀྱིས་དམངས་འཚོར་ཕན་འདོགས་པ་དང་། དམངས་ཀྱི་འདོད་བློ་དང་བསྟུན་པ། དམངས་ལ་དྲོ་སྐྱིད་སྦྱིན་པ་བཅས་ཀྱི་རོགས་སྐྱོར་རྣམ་གྲངས་ལག་ལེན་བསྟར་བར་ཐུན་མོང་ཐོག་དཔང་པོ་བྱ་རྒྱུ་རེད་ཅེས་གསུངས་པ་རེད།
ཝུའུ་ལ་པུན་གྱིས། རྣམ་གྲངས་དེ་ནི་ཁམ་ཀྲུང་གིས་རྒྱུད་གཅིག་ལམ་གཅིག་མཉམ་དུ་བསྐྲུན་ནས་ཐོབ་པའི་གྲུབ་འབྲས་གསར་ཤོས་ཤིག་ཡིན་པ་དང་། དེ་ལས་གྲོང་གསེབ་ས་ཁུལ་གྱི་དཔལ་འབྱོར་དང་དམངས་འཚོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཐོན་རྒྱུ་རེད་ཅེས་གསུངས་པ་རེད།