སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་པེ་ཅིན་མཁས་སྐྱོང་སློབ་གྲྭ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་ལ་དོ་སྣང་ཆེན་པོ་ཐོབ།
| 2023-06-02 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཟླ་བ་ལྔ་པའི་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིན་གྱི་མཁས་སྐྱོང་སློབ་གྲྭར་ཕེབས་ཏེ་དགེ་སློབ་ཚོ་འཚམས་འདྲི་གནང་ཞིང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ན་ཆུང་བྱིས་པ་ཚོར་དུས་ཆེན་ལ་རྟེན་འབྲེལ་ཞུས། སློབ་གྲོགས་ཚོས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་དང་། མི་རིགས་བསྐྱར་དར་གྱི་ཆེད་དུ་སློབ་སྦྱོང་འབད་བརྩོན་བྱས་ཏེ། ཁྱིམ་བདག་གི་རེ་བ་སྟོང་ཟད་མི་གཏོང་བ་དང་། ཏང་དང་མི་དམངས་ཀྱི་རེ་བ་སྟོང་ཟད་མི་གཏོང་བའི་སྐུལ་མ་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ན་ཆུང་བྱིས་པར་བརྩེ་བས་ཐུགས་འཁུར་གནང་བ་དང་། དགེ་རྒན་ཚོ་ལ་ལྷག་བསམ་དྲོན་མོས་སྐུལ་མ་གནང་བ་ལས་མི་དམངས་འགོ་འཛིན་གྱིས་མེས་རྒྱལ་གྱི་མ་འོངས་པར་བཅངས་པའི་རེ་བ་ཆེན་མོ་མཚོན་ཡོད་པ་དང་། དུས་རབས་གསར་པའི་ན་ཆུང་བྱིས་པ་ཚོའི་ལས་ཀའི་ཐད་ལ་ཁ་ཕྱོགས་གསལ་པོ་བསྟན་པར་མ་ཟད། རྒྱ་ཆེའི་ན་ཆུང་བྱིས་པ་ཚོས་དུས་ཚོད་དམ་འཛིན་དང་། འབད་འབུངས་ཆེན་པོ་བྱེད་པར་སྐུལ་མ་གནང་།
ཐེངས་འདིའི་དྲུག་གཅིག་བྱིས་པའི་དུས་ཆེན་སྐབས་སུ། པེ་ཅིན་གྱི་མཁས་སྐྱོང་སློབ་གྲྭའི་བྱིས་པ་ཚོ་ད་དུང་སྤྱི་ཁྱབ་ཧྲུའུ་ཅི་དང་མཉམ་འཛོམས་ཀྱི་སྤྲོ་དགའི་ནང་ལྷུང་ཡོད་ཅིང་། ཁོང་ཚང་མའི་གམ་དུ་ཕེབས་ནས། བྱིས་དུས་ཐག་མཆོང་བྱས་པའི་འདས་དོན་གླེང་བར་ཕྱིར་དྲིན་བྱས་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཁོ་ཚོ་ལ་བྱིས་པ་ཚོས་ཟ་མ་ཟོས་ནས་ཤ་རྒྱགས་དགོས་པ་མ་ཡིན་པར། ལུས་པོ་ཐང་ཞིང་སྦྱོང་བརྡར་ཐོབ་དགོས་པ་ཡིན་ཞེས་གསུངས། གྲོགས་པོ་ཆུང་ཆུང་ཚང་མས་དེ་ནི་ད་ལོའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ལེགས་སྐྱེས་ཡག་ཤོས་དེ་རེད་བསམས་པ་རེད།
མཁས་སྐྱོང་སློབ་གྲྭའི་སློབ་མའི་ཞིང་ར་ནས། བྱིས་པ་ཚོས་ལོ་ཏོག་སྐྱེ་འཕེལ་གྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་བཞིན་ཡོད། ཚེས་སོ་གཅིག་ཉིན་ཏག་ཏག་གནས་འདི་ནས་སྤྱི་ཁྱབ་ཧྲུའུ་ཅི་ཡིས་སློབ་མ་ཚོ་ལ། ཞིང་ལས་སློབ་སྦྱོང་ཁྲོད་ནས་ཞིང་ལས་ཀྱི་དཀའ་སྡུག་དང་ཞིང་པའི་དཀའ་ངལ་ཚོར་ཞིང་། ཆུང་དུས་ནས་ངལ་རྩོལ་ལ་དགའ་བ་དང་། འབྲུ་རིགས་ལ་གཅེས་སྤྲས། རང་བྱུང་ཁམས་ལ་བརྩི་བཀུར་བྱེད་པའི་གོམས་གཤིས་བཟང་པོ་ཆགས་བཅུག་སྟེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྱོང་བྱེད་ཆེད་བྱས་རྗེས་འཇོག་དགོས་པའི་ཐུགས་རེ་གནང་བ་རེད།
སློབ་གྲྭའི་སི་ཚུང་ཐོག་ཁང་གི་ཐོག་རྩེག་གཉིས་པའི་ཚན་རིག་སློབ་ཁང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲོགས་ཚོ་ལ་ཆུང་དུས་ནས་ཚན་རྩལ་གསར་གཏོད་དང་། སྟོབས་ལྡན་རྒྱལ་ཁབ་འཛུགས་ཆེད་རང་གི་སྟོབས་ཤུགས་འདོན་པའི་ཕུགས་འདུན་བཅངས་ཏེ། ད་ལྟ་ཚན་རིག་པ་ཆུང་བ་བྱེད་ཕོད་པ་དང་། མ་འོངས་པར་ཚན་རིག་པ་ཆེན་པོར་བརྩོན་ལེན་བྱས་ནས། རང་རྒྱལ་གྱི་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ཡོང་ཆེད་ལེགས་སྐྱེས་འབུལ་དགོས་པའི་སྐུལ་མ་གནང་བ་རེད།
འཇོན་མི་གསོ་སྐྱོང་གི་འགག་རྩ་ནི་དགེ་རྒན་ལ་ཐུག་ཡོད་ལ། ཐེངས་འདིའི་རྟོག་ཞིབ་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་སློབ་གསོའི་ལས་ཀ་གཉེར་མཁན་ལ་རེ་བ་ནན་མོ་བཏོན་ཏེ། ཁོང་གིས་སློབ་གསོའི་གཞི་རྩའི་ལས་འགན་ནི་སྤྱོད་བཟང་གི་མི་གསོ་སྐྱོང་བྱེད་རྒྱུ་དང་། སློབ་མའི་ཕུགས་འདུན་འདུ་ཤེས། གཤིས་ཀ་དང་སྤྱོད་པ། ཤེས་བྱ་དང་བློ་རིག ལུས་པོ་དང་སེམས་ཁམས་བྱང་ཚད་སོགས་ཕྱོགས་སོ་སོ་ནས་གཅིག་ཀྱང་ཆད་མི་རུང་། མི་རིགས་སླར་གསོའི་ལས་འགན་ཁུར་ཐུབ་པ་དང་། འཛམ་གླིང་ལ་བྱས་རྗེས་འཇོག་ཕོད་པའི་རྒྱལ་ཁབ་ཀྱི་གདུང་འདེགས་ཀ་བ་ལྟ་བུ་གསོ་སྐྱོང་བྱེད་དགོས་ཞེས་གསུངས། རེ་བ་ཆེན་པོ་བཅངས་པས། ཚང་མར་ལས་འགན་ལྕི་མོ་ཡོད་པ་ཤེས་ཡོད།
ལོ་ཆུང་དར་ན་རྒྱལ་ཁབ་དར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གིས་ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་བྱེད་བཞིན་ཡོད་དེ། སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་བྱིས་པ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཁོར་ཡུག་ཡག་མོ་བསྐྲུན་གང་ཐུབ་བྱེད་དགོས་ཞེས་གསུངས། ཁོང་གིས་དགེ་སློབ་ཡོངས་ལ། དེ་རིང་གི་ལོ་ཆུང་བྱིས་པ་ཚོ་ནི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་རྒྱུད་འཛིན་པ་དང་མ་འོངས་པའི་ནུས་པ་འདོན་དཔུང་སྡེ་གཙོ་བོ་ཡིན་པའི་མངག་བཅོལ་གནང་། རེ་བ་ཆེན་པོ་དེས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་མོའི་ནང་གི་མི་རིགས་ཁག་གི་ལོ་ཆུང་བྱིས་པས་སློབ་སྦྱོང་ལ་ཧུར་བརྩོན་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་མ་བཏང་ཡོད།


