ཧུང་ཡོན་རྫོང་གིས་ཡུལ་གྲོང་ཁག་ཏུ་དམངས་ཕན་ཟློས་གར་འཁྲབ་སྟོན་བྱས་ནས་གྲོང་གསེབ་རིག་གནས་དར་སྤེལ་གཏོང་བར་སྐུལ་འདེད་བྱས།
| 2023-06-08 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
རྫོང་ཡོངས་ཀྱི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། སྲོལ་རྒྱུན་གྱི་ཟློས་གར་རིག་གནས་དར་སྤེལ་གཏོང་བའི་སྙིང་སྟོབས་ཇེ་ཆེར་བཏང་ནས། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་གི་ཚོར་སེམས་སྔར་བས་མཐོ་རུ་གཏོང་ཆེད། ཟླ5བའི་ཚེས29ཉིན་ནས་བཟུང་ཧུང་ཡོན་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་ཅུས་ཀྱིས་ཧུང་ཡོན་རྫོང་སྒྱུ་རྩལ་ཚོགས་པ་དང་མཉམ་འབྲེལ་བྱས་ཏེ་2023ལོའི་ཟློས་གར་འཁྲབ་སྟོན་ཡུལ་གྲོང་ཁག་ཏུ་སྐྱེལ་བའི་དམངས་ཕན་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་རྫོང་སྒྱུ་རྩལ་ཚོགས་པས། མང་ཚོགས་ཚོར་བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་ཀྱི་ཡ་གྱལ་ལས་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་པའི་མཐུན་ཚོགས་ཞེས་པའི་ལེ་ཚན་འཁྲབ་སྟོན་བྱས་པ་དང་། འཁྲབ་སྟོན་པ་རྣམས་ཀྱིས་ཁ་ངོའི་རྣམ་འགྱུར་དང་ལུས་པོའི་མྱུར་སྟབས་གང་ལེགས་ཀྱིས་ལྟད་མོ་བ་ཚོར་ཡིད་དབང་རབ་དུ་འཕྲོག་པའི་འདྲེན་བྱེད་ཀྱི་སྟོན་མོ་ཞིག་དང་ནང་དོན་ཕུན་སུམ་ཚོགས་པའི་ལྟད་མོ་ཞིག་གཟབ་རྒྱས་ངང་བཤམས་པ་དང་། བྱེད་སྒོའི་ཡུལ་དངོས་སུ་ལྟད་མོ་བ་རྣམས་ཀྱི་དགའ་སྤྲོའི་དགོད་སྒྲ་དང་ཐལ་མོའི་རྡེབ་སྒྲའི་ཁེངས་འདུག

བོད་ཀྱི་ཟློས་གར་དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོའི་གྲས་ཤིག་ཡིན་པ་དང་། འདི་ལྟ་བའི་ཟློས་གར་འཁྲབ་སྟོན་བྱེད་པ་དེ་ནི་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ་དང་། གཞན་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུར་ཕན་ཐོག་ཆེན་པོའང་ཡོད་པ་རེད།

མིག་སྔའི་བར་ཧུང་ཡོན་རྫོང་གིས་དམངས་ཕན་ཟློས་གར་འཁྲབ་སྟོན་ཐེངས8བྱས་ཡོད་པ་དང་། རྒྱུས་ལོན་པ་ལྟར་ན་ཧུང་ཡོན་རྫོང་རིག་གནས་ལུས་རྩལ་ཡུལ་ཡུལ་སྐོར་ཅུས་ཀྱིས་ད་རུང་མུ་མཐུད་དུ་ཧུང་ཡོན་རྫོང་ཁོངས་གཏོགས་ཀྱི་སྲིད་འཛིན་གྲོང་ཚོ་དང་། སློབ་གྲྭ དེ་བཞིན་དམང་དཔུང་གི་སྡེ་སོགས་སུ་འཁྲབ་སྟོན་ཐེངས66བྱས་ནས་གཞི་རིམ་གྱི་མི་སེར་ཚོར་རང་རང་སོ་སོའི་སྒོ་སྔུན་ནས་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་པའི་ཟློས་གར་་རིག་གནས་ཀྱི་སྟོན་མོ་ལོངས་སུ་སྤྱོད་པར་ཧུར་ཐག་བྱས་ནས་རྫོང་ཡོངས་ཀྱི་གྲོང་གསེབ་རིག་གནས་དར་སྤེལ་གཏོང་བར་སྐུལ་འདེད་བྱ་རྒྱུ་རེད།



