ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁོ་དང་མཇལ་འཛོམས་གནང་བ།
| 2023-07-29 来源:ཤིན་ཧྭ་གསར་འགྱུར་ཁང་། | 分享: |

འདི་ནི་ཟླ་7ཚེས་27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཁྲེང་ཏུར་འཛམ་གླིང་གི་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་31པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ། ཀྲུང་གོར་འཚམས་འདྲི་ལ་ཕེབས་པའི་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁོ་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་དུ་ཁྲེང་ཏུའུ་ནས་ཟླ་7ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཁྲེང་ཏུར་འཛམ་གླིང་གི་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་31པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ། ཀྲུང་གོར་འཚམས་འདྲི་ལ་ཕེབས་པའི་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁོ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས། ན་ནིང་ང་དང་ཙུང་ཐུང་ཙོ་ཁོ་ཡིས་ལྷན་དུ་རྒྱལ་ཁབ་གཉིས་པོས་མཉམ་དུ་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ལེའུ་གསར་པ་རྩོམ་འགོ་ཚུགས་པ་ཡིན། རྒྱལ་ཁབ་དེང་རབས་ཅན་དང་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་ལམ་དུ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འདུ་ཤེས་འཛིན་སྟངས་ཚད་མཐོའི་གཅིག་མཐུན་དང་ཕན་ཚུན་གཉིས་པོར་འཕེལ་རྒྱས་ཀྱི་གོ་སྐབས་ལྡན་པས། བློ་སེམས་གཅིག་མཐུན་གྱི་གྲོགས་པོ་བཟང་པོ་དང་རོགས་ཟླ་ཡག་པོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འདི་ལོ་རྒྱལ་ཁབ་གཉིས་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10འཁོར་བ་གོ་སྐབས་སུ་བྱས་ཏེ་ཧིན་རྡུ་ཉི་ཞི་ཡ་དང་འཐབ་ཇུས་མཉམ་ལས་ཟབ་ཏུ་གཏོང་བ་དང་། དེ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལས་དབང་མཉམ་མྱོང་དང་། མཐུན་སྒྲིལ་མཉམ་ལས། འཕེལ་རྒྱས་མཉམ་སྐུལ་བཅས་ཀྱི་དཔེ་མཚོན་བཏོད་དེ། ས་ཁུལ་དང་འཛམ་གླིང་ལ་གཏན་འཁེལ་གྱི་རང་བཞིན་དང་དྲང་ནུས་དེ་བས་མང་པོ་སྣོན་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་རྒྱུན་གཏན་རང་བཞིན་གྱི་འཐབ་ཇུས་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་དང་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་པུའི་པུའུ་ཀྲང་དང་རྒྱལ་སྲུང་པུའི་པུའུ་ཀྲང“2+2”ཀྱི་སྐད་ཆ་ཤོད་རེས་ཀྱི་ལམ་སྲོལ་ལག་བསྟར་བྱེད་འགོ་ཚུགས་ནས། ཆུ་ཚད་མཐོ་བའི་འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཧིན་རྡུ་ཉི་ཞི་ཡའི“གོ་ལ་ཧྲིལ་པོའི་རྒྱ་མཚོའི་རྟེན་ས”ཡི་བསམ་བཀོད་སྦྲེལ་མཐུད་བྱས་པར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཅཱ་དབན་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་ཉེར་ཡོད་པའི་དུས་སུ་ཕྱོགས་གཉིས་པོས“མཐའ་མའི་འགག་གནད”ལྟ་བུའི་འཛུགས་སྐྲུན་ནུས་ཤུགས་ཡོད་རྒུས་ཡག་པོ་བྱས་ཏེ། རྣམ་གྲངས་ཀྱི་ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོ་འགན་ལེན་བྱས་ནས་ཧིན་རྡུ་ཉི་ཞི་ཡ་འཕེལ་རྒྱས་གཏོང་བའི་མྱུར་ཚད་མགྱོགས་སུ་གཏོང་དགོས། ཕྱོགས་གཉིས་པོས་ཕྱོགས་བསྡུས་ཐོན་ལས་གླིང་ཁུལ་གྱི་མཉམ་ལས་མུ་མཐུད་ཡག་པོ་བྱས་ཏེ། “ས་ཁོངས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་བར་ཁྱམས”དང“རྒྱལ་ཁབ་གཉིས་དང་གླིང་ཁུལ་གཉིས”འཛུགས་སྐྲུན་ལ་གཙོ་གནད་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་གསར་པ་འཛུགས་སྐྲུན་དང་པེ་ཅ་ལི་མན་ཏན་བཟོ་ལས་གླིང་གསར་སྤེལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ལ། ཧིན་རྡུ་ཉི་ཞི་ཡ་དང་ནུས་རྒྱུ་གསར་པའི་རླངས་འཁོར་དང་རིག་ལྡན་གྲོང་ཁྱེར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་སྟེ། ཐོན་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཀྱང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་ཚོང་ཟོག་འབོར་ཆེན་དང་ཞིང་ལས་ཐོན་རྫས་སྤུས་ལེགས་ནང་འདྲེན་བྱེད་རྒྱ་མུ་མཐུད་ཆེ་རུ་བཏང་སྟེ། 《ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》སྤུས་ཚད་མཐོ་པོས་ལག་བསྟར་བྱས་ནས་འབྲུ་རིགས་བདེ་འཇགས་དང་། དབུལ་པོ་ཉུང་གཏོང་དང་དབུལ་སྐྱོར། གྲོང་གསེབ་དར་རྒྱས། ལས་རིགས་སློབ་གསོ། སྐད་ཡིག་སློབ་ཁྲིད། སྨན་བཅོས་འཕྲོད་བསྟེན། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས། འདི་ལོ་ནི་ངས་ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་དེ་བས་དམ་ཟབ་གཏོད་པའི་གྲོས་འགོ་བཏོན་ནས་ལོ་10འཁོར་བའི་ལོ་ཡིན་ལ། ཀྲུང་གོ《ཨེ་ཤེ་ཡ་ཤར་ལྷོའི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་ཞུགས་ནས་ལོ་20འཁོར་བའི་ལོ་ཡང་རེད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཉམ་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། ཧིན་རྡུ་ཉི་ཞི་ཡས་འདི་ལོའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བར་རྒྱབ་སྐྱོར། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྣེ་ཁྲིད་དེ་འཐབ་ཇུས་རང་བརྟེན་དང་མཐུན་སྒྲིལ་རང་འབད་མཐའ་འཁྱོངས་བཅས་བྱས་ཏེ། ས་ཁུལ་བརྟན་ལྷིང་གི་ལྟེ་གནས་དང་འཕེལ་རྒྱས་ཀྱི་མཐོ་ས་ཐུན་མོང་ཐོག་གཏོད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པ་དང་འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་ལམ་སྲོལ་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་ལ་སྐུལ་འདེད་དང་། ས་ཁུལ་དང་གོ་ལ་ཧྲིལ་པོའི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་བཅས་གཏོང་འདོད་ཡོད་ཅེས་བསྟན་གནང་བ་རེད།
ཙོ་ཁོ་ཡིས་ན་ནིང་ངས་པ་ལི་གླིང་ཕྲན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྣེ་ལེན་ཞུས་ཚུན་དུ། རྒྱལ་ཁབ་གཉིས་པོའི་འབྲེལ་བར་སླར་ཡང་ངོ་བོའི་རང་བཞིན་ལྡན་པའི་འཕེལ་རྒྱས་མང་པོ་བྱུང་བ་དང་། ཅཱ་ཝན་མྱུར་བགྲོད་ལྕགས་ལམ་འདི་ལོའི་ཟླ་8པར་དུས་བཀག་ལྟར་ཤར་གཏོང་ཐུབ་རྒྱུ་ཡིན་པ་དང་། ཀྲུང་གོ་ཕྱོགས་ནས་ཧུར་ཐག་ཞུགས་པའི་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་གསར་པ་འཛུགས་སྐྲུན་དང་པེ་ཅ་ལི་མན་ཏན་བཟོ་ལས་གླིང་གསར་སྤེལ་སོགས་འཐབ་ཇུས་རང་བཞིན་གྱི་རྣམ་གྲངས་འཕེལ་རིམ་བདེ་བླག་བྱུང་འདུག ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་ཀྲུང་གོ་ཕྱོགས་དང་མ་འཇོག་དང་། རྒྱ་མཚོའི་ཉ་ལས། འབྲུ་རིགས་བདེ་འཇགས། སྨན་བཅོས་འཕྲོད་བསྟེན་སོགས་ཐད་ཀྱི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བར་སྔར་བས་སྐུལ་འདེད་གཏོང་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ནི་སྒོ་དབྱེ་བསྟུན་མཁས་ཤིག་ཡིན་པས་ཧིན་རྡུ་ཉི་ཞི་ཡས་རྒྱབ་སྐྱོར་ཧུར་ཐག་བྱེད་ཀྱི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བར་རྒྱབ་སྐྱོར་དང་ས་ཁུལ་གྱི་སྒྲོམ་གཞིའི་ཁྲོད་ཀྱི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་གནས་བབ་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་ཕྱོགས་དང་འཐབ་ཇུས་ཀྱི་འབྲེལ་བ་དམ་ཟབ་བྱས་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
མཇལ་འཛོམས་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཞིང་ལས་ཐོན་རྫས་ཀྲུང་གོར་འདྲེན་པ་དང་། འཕྲོད་བསྟེན། མཉམ་ལས་ཞིབ་འཇུག་གསར་སྤེལ། དེ་བཞིན་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་གསར་པ་འཛུགས་སྐྲུན་དང་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི“རྒྱལ་ཁབ་གཉིས་པོའི་གླིང་ཁུལ་གཉིས”འཛུགས་སྐྲུན་སོགས་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།




