ཞི་ཅིན་ཕིང་གིས་༢༠༢༣ལོའི་འཛམ་གླིང་འབྲེལ་དྲྭའི་ཚོགས་ཆེན་ཝུའུ་ཀྲེན་རྩེ་འཛོམས་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་གཟིགས་ལམ་ནས་ཤིས་ཚིག་ཕུལ།
| 2023-11-10 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཟླ་བ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་༢༠༢༣ལོའི་འཛམ་གླིང་འབྲེལ་དྲྭའི་ཚོགས་ཆེན་ཝུའུ་ཀྲེན་རྩེ་འཛོམས་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་གཟིགས་ལམ་ཐོག་ནས་ཤིས་ཚིག་ཕུལ།
ཞི་ཅིན་ཕིང་གིས། ༢༠༡༥ལོར། སྐབས་གཉིས་པའི་འཛམ་གླིང་འབྲེལ་དྲྭའི་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཐོག་འཛམ་གླིང་ཡོངས་ཀྱི་འབྲེལ་དྲྭའི་འཕེལ་རྒྱས་དང་བཅོས་སྐྱོང་ཐད་ཀྱི་རྩ་དོན་བཞི་དང་ལྟ་བ་ལྔ་བཏོན་ནས། དྲ་བའི་ཁོར་ཡུག་གི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པའི་འབོད་སྐུལ་བཏང་ཡོད་ལ། དགོངས་འཆར་འདི་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་དང་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད། དེང་སང་འཛམ་གླིང་ཟང་ཟིང་ཆེ་ལ། ལོ་བརྒྱའི་འཕོ་འགྱུར་མགྱོགས་སུ་ཕྱིན་པས། མཚལ་ཡིག་གང་མང་ཇི་ལྟར་ཐག་གཅོད་བྱེད་པ་དང་བདེ་འཇགས་དཀའ་དུབ་ཇི་ལྟར་སེལ་བ།དཔལ་ཡོན་དཔེ་སྟོན་ཇེ་དྲག་ཇི་ལྟར་གཏོང་བ་བཅས་ནི་ང་ཚོ་ཐུན་མོང་གིས་ཁ་གཏད་འཇལ་དགོས་པའི་དུས་རབས་ཀྱི་གནད་དོན་ཞིག་ཡིན། འབྲེལ་དྲྭ་ནི་ཉིན་རེ་བཞིན་འཕེལ་རྒྱས་ཀྱི་ནུས་ཤུགས་གསར་པ་དང་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཁྱབ་ཁོངས་གསར་པ། དཔལ་ཡོན་དཔེ་སྟོན་མཉམ་སྤྱོད་སོགས་ཀྱི་སྟེགས་བུ་གསར་པར་འགྱུར་བཞིན་ཡོད་པས། དྲ་བའི་ཁོར་ཡུག་གི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པ་ནི་དུས་རབས་ཀྱི་གནད་དོན་ཡིན་ཕྱིན་དང་བླངས བྱེད་དགོས་ངེས་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འབོད་སྐུལ་ཡང་ཡིན་པས། ང་ཚོས་སྤེལ་རེས་ཟབ་མོ་དང་དངོས་གཉེར་མཉམ་ལས་བྱས་ནས། དྲ་བའི་ཁོར་ཡུག་གི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་མཉམ་དུ་གོང་ནས་གོང་དུ་སྤེལ་དགོས།
ང་ཚོས་འཕེལ་རྒྱས་གཙིགས་སུ་བཟུང་ནས། ཀུན་ལ་ཕན་པའི་དར་ཞིང་རྒྱས་པའི་འབྲེལ་དྲྭའི་ཁོར་ཡུག་འཛུགས་སྐྱོང་བྱེད་དགོས། ཨང་ཀི་ཅན་གྱི་ཁྱབ་ཁོངས་ནང་གི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ཟབ་སྤེལ་བཏང་ནས་ཚན་རྩལ་གྲུབ་འབྲས་ལུགས་བསྒྱུར་ཇེ་མགྱོགས་གཏོང་དགོས། ཆ་འཕྲིན་ཅན་གྱི་ཞབས་ཞུ་ཁྱབ་གདལ་ཇེ་མགྱོགས་གཏོང་བ་དང་ཨང་ཀིའི་ཧེ་བག་ཇེ་ཆུང་གཏོང་བ་དང་། འབྲེལ་དྲྭ་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་ཏེ། རྒྱལ་ཁབ་དང་མི་དམངས་སྔར་ལས་ འབྲེལ་དྲྭ་འཕེལ་རྒྱས་གཏོང་བའི་གྲུབ་འབྲས་ལོངས་སུ་སྤྱོད་འཇུག་དགོས།
ང་ཚོས་སྐྱིད་སྡུག་མཉམ་མྱོང་བྱས་ནས་སྔར་ལས་ཞི་བདེ་དང་བདེ་འཇགས་ཀྱི་དྲ་བའི་ཁོར་ཡུག་འཛུགས་སྐྱོང་བྱེད་དགོས། དྲ་བའི་བདག་དབང་ལ་བརྩི་འཇོག་བྱས་ནས། རྒྱལ་ཁབ་ཁག་གི་འབྲེལ་དྲྭ་འཕེལ་རྒྱས་ལམ་བུ་དང་བཅོས་སྐྱོང་བྱེད་ཐབས་ལ་བརྩི་བཀུར་བྱེད་དགོས། དྲ་བའི་ཁོར་ཡུག་གི་རྒྱལ་སྤྱིའི་སྒྲིག་ལམ་ལ་བརྩི་སྲུང་བྱས་ནས་དྲ་བའི་བཙན་དབང་བྱས་མི་རུང་། དྲ་བའི་ཁོར་ཡུག་གི་རྟེན་གཞི་རྒོལ་ལེན་དང་དམག་གྲབས་འགྲན་བསྡུར་བྱས་མི་རུང་། དྲ་བའི་བདེ་འཇགས་དངོས་གཉེར་མཉམ་ལས་ཟབ་སྤེལ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་དྲ་བའི་ཁྲིམས་འགལ་ལུགས་འགལ་གྱི་ཉེས་བསགས་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱས་ནས་གཞི་གྲངས་བདེ་འཇགས་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚན་རྩལ་འཕེལ་རྒྱས་ལས་བྱུང་བའི་སྒྲིག་སྲོལ་འགལ་བ་དང་སྤྱི་ཚོགས་ཀྱི་ཉེན་ཁ། མི་ཆོས་འགྲན་སློང་བཅས་ལ་ཁ་གཏད་འོས་འཚམ་འཇལ་དགོས། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་འཛམ་གླིང་མི་བཟོས་རིག་ནུས་བཅོས་སྐྱོང་གི་གྲོས་འགོ་ལག་བསྟར་བྱས་ནས། མི་བཟོས་རིག་ནུས་བདེ་འཇགས་ངང་འཕེལ་རྒྱས་གཏོང་འདོད་ཡོད།ང་ཚོས་ཤེས་དཔལ་དཔེ་ལེན་བྱས་ནས་སྔར་ལས་འདྲ་མཉམ་དང་གུ་ཡངས་ལྡན་པའི་དྲ་བའི་ཁོར་ཡུག་འཛུགས་སྐྱོང་བྱེད་དགོས། དྲྭ་ཐོག་གི་སྤེལ་རེས་དང་གླེང་མོལ་ཇེ་ཆེར་གཏོང་བ་དང་། རྒྱལ་ཁབ་ཁག་གི་མི་དམངས་བར་འཆམ་པོ་མཐུན་མོ་ཡོང་བར་འཇུག་པ། དཔལ་ཡོན་མི་འདྲ་བའི་བར་ལ་གུ་ཡངས་དང་མཉམ་གནས་ཐུབ་པར་བྱས་ཏེ། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་དགོས། དྲ་བ་ཚུལ་ལྡན་འཛུགས་སྐྱོང་བྱེད་པ་དང་སྤུས་ལེགས་དྲ་བའི་རིག་གནས་ཐོན་རྫས་ཐོན་སྐྱེད་དང་བརྒྱུད་སྒྲོག མིའི་རིགས་ཀྱི་ཕུལ་བྱུང་དཔལ་ཡོན་གྲུབ་འབྲས་ཡང་དག་འགྲེམ་སྟོན། དཔལ་ཡོན་འཛིན་སྐྱོང་སྤེལ་གསུམ་བཅས་བྱས་ནས། དྲྭ་ཐོག་གི་བསམ་པའི་ཁྱིམ་གཞིས་མཉམ་འཛུགས་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་མཇུག་མཐར། ཆ་འཕྲིན་གསར་བརྗེའི་དུས་རབས་འཕེལ་འགྲོས་ཀྱི་རླབས་རྩེ་དགུང་ལ་འཕྱུར་ཞིང་། དྲ་བའི་བར་མཐོངས་ཀྱིས་མིའི་རིགས་ཀྱི་འབྱུང་འགྱུར་གྱི་བདེ་སྐྱིད་ཐེག་ཡོད་པས། ང་ཚོས་ལག་གདང་སྦྲེལ་ནས་དྲ་བའི་ཁོར་ཡུག་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་པ་དང་། འབྲེལ་དྲྭས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་པ་དང་། མིའི་རིགས་ཀྱི་བདེ་ཞིང་སྐྱིད་པའི་མ་འོངས་མཉམ་དུ་འཛུགས་དགོས་ཞེས་ནན་གྱིས་གསུངས། ཉིས་སྟོང་ཉེར་གསུམ་ལོར་འཛམ་གླིང་འབྲེལ་དྲྭའི་ཚོགས་ཆེན་གྱི་ཝུའུ་ཀྲེན་རྩེ་འཛོམས་གྲོས་ཚོགས་དེ་ཟླ་བ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་ནས་ཚེས་བཅུ་ཉིན་གྱི་བར་ཀྲེ་ཅང་ཝུའུ་ཀྲེན་དུ་འཚོག་ཅིང་། གུ་ཡངས་དང་ཡོངས་ཕན། མཉེན་ཤུགས་ལྡན་པའི་ཨང་ཀིའི་འཛམ་གླིང་འཛུགས་སྐྱོང་བྱེད་པར་དྲ་བའི་ཁོར་ཡུག་ལས་དབང་ཐུན་མོང་ཚོགས་པ་མཉམ་འཛུགས་བྱེད་དགོས་ཞེས་བརྗོད་དོན་གཙོ་བོར་བཟུང་ཡོད།




