༢༠༢༣ལོར་ང་ཚོ་མཉམ་དུ་སྐྱོད་ཟིན།
| 2023-12-28 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་བདེ་ཞིང་སྐྱིད་པོ་ཡོང་བ་ནི་སྤུས་མཐོའི་འཕེལ་རྒྱས་གཏོང་བའི་མཐའ་ཐུག་གི་དམིགས་འབེན་ཡིན་ཞེས་གསུངས་ཡོད། ༢༠༢༣ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པ་དང་མ་མཐའི་མཚམས་ཐིག་ གཏན་སྲུང་བྱེད་པ། མི་འདང་ཁ་གསབ། དམངས་འཚོར་འགན་སྲུང་ཕན་ནུས་ཆེ་བ་བཅས་བྱས་ནས། སྤུས་མཐོའི་འཕེལ་རྒྱས་ལ་རྨང་གཞི་ཡག་པོ་བཏིང་བ་རེད།
ཞོགས་པ་སྔ་མོར། ཧོ་པེ་ཀྲའོ་ཀྲོའུ་ཏུའོ་ཝུའོ་གྲོང་རྡལ་ཧོ་ཞི་ཝུའུ་གྲོང་ཚོ་རུ། མི་སེར་ཝང་ཝེ་ཁང་པ་གསར་པའི་ནང་སྤོ་བར་བྲེལ་བ་ཤིན་ཏུ་ཆེ་བཞིན་ཡོད། ད་ལོའི་ཟླ་བ་བརྒྱད་པར། ཝང་ཝེ་ཚང་གི་ཁང་པ་ཆུ་ལོག་བྱུང་ནས་ཉེན་ཡོད་ཁང་པར་གྱུར་ཡོད། ཆུ་ལོག་བཤང་རྗེས། སྲིད་གཞུང་གིས་ཉེན་ཡོད་ཁང་པའི་སྐྱིན་ཚབ་དང་ཁང་གླའི་གསབ་དངུལ་སོགས་སྤྲོད་པ་སོགས་རོགས་སྐྱོར་བྱེད་ཐབས་རབ་དང་རིམ་པས་མ་དངུལ་གྱི་དཀའ་ངལ་ཇེ་ཆུང་བཏང་ཡོད་པ་དང་། ཝང་ཝེ་ཚང་གི་ཁང་པ་མགྱོགས་མྱུར་དུ་བསྐྱར་སྐྲུན་བྱས་ཡོད་པ་རེད།
ཝང་ཝེ་ཡིས་ངེད་ཚང་གི་ཅ་ལག་ཀྱང་ཡག་པོ་ཉོས་ཡོད་པས་སེམས་དགའ་པོ་བྱུང་། ད་འདོད་བློ་བཀང་སོང་ཟེར།
ཝང་ཝེ་ཡོད་པའི་ཀྲའོ་ཀྲོའུ་གྲོང་ཁྱེར་དུ། ད་ལོར་ཆུ་ལོག་ཆེན་པོའི་གནོད་འཚེ་བྱུང་ནས་སྐྱེ་དངོས་ལོ་ཏོག་ལ་གནོད་པ་ཐེབས་ཡོད་པར་མ་ཟད། ཁང་པ་ཁྲི་ཕྲག་མང་པོར་གནོད་པ་ཚབས་ཆེན་ཐེབས་ཡོད།
གནོད་ཁུལ་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་གཏན་དུ་ཐུགས་ཁུར་གནང་བཞིན་ཡོད། ཟླ་བ་བཅུ་གཅིག་པའི་ཚེས་བཅུ་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ལགས་ཀྱིས་པེ་ཅིན་དང་ཧོ་པེ་རུ་རྟོག་ཞིབ་གནང་སྐབས། ས་གནས་དེ་གའི་ལས་བྱེད་པས་ཡང་འབད་བསྐྱར་འབད་བྱས་ནས་གནོད་རྗེས་བསྐྱར་སྐྲུན་དམ་འཛིན་བྱས་ཏེ། རྒྱ་ཆེའི་མང་ཚོགས་བདེ་སྡོད་ལས་བརྩོན་དང་དགུན་དྲོན་པོ་སྐྱེལ་ཐུབ་པར་འགན་སྲུང་བྱེད་དགོས་པའི་བཀའ་སློབ་གནང་བ་རེད།
ད་ལྟར་ཀྲའོ་ཀྲོའུ་གྲོང་ཁྱེར་དུ། ཞིང་པ་དུད་ཁྱིམ་ཁྲི་བཞི་དང་སྟོང་བདུན་གྱི་ཁང་པ་ཞིག་གསོ་དང་སྲ་བརྟན་བྱས་ཡོད་པ་དང་། ཁང་པ་གསར་པ་བརྒྱ་དང་ཉེར་བཞི་ལས་ཡོད། དགུན་ཁ་ཤར་རྗེས། ས་གནས་དེ་གའི་གནོད་ཐེབས་མང་ཚོགས་ལ་ཡོན་མི་བསྡུ་བར་ཞིག་གསོ་བྱེད་པ་དང་། དྲོད་འདོན་ཆས་ཁྲི་གསུམ་ལྷག་བཀོད་སྒྲིག་བྱས་ཤིང་།ཉལ་གོས་ཁྲི་དྲུག་ལྷག་དང་དགུན་དྲོན་པོ་སྐྱེལ་བའི་རོགས་དངུལ་སོགས་སྤྲད་པ་རེད།
ཝང་ཝེས་གནས་སྤོར་ཉིན་ལ་ཏག་ཏག་ལྷགས་པ་ཆེ་བའི་དུས་ལ་འཁེལ་ཡོད་ཀྱང་། མོའི་ཁྱིམ་གསར་ནང་དྲོད་འུར་འུར་རེད་འདུག
མང་ཚོགས་ཀྱིས་བདེ་སྐྱིད་འཚོ་བ་གཏོང་འཇུག་པ་ནི་སྤུས་མཐོའི་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་འཁྱོལ་རྒྱུ་དེ་ཡིན་ལ།
ལོ་འདིའི་ནང་། གྲོས་ཚོགས་གལ་ཆེན་འཚོགས་པ་དང་ལྟ་ཞིབ་རྟོག་དཔྱད་གང་ཡིན་ཡང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་དུ་མི་དམངས་ཀྱི་བདེ་སྐྱིད་ཐུགས་ལ་བཟུང་ཡོད། ཁོང་གིས་ཐེངས་མང་པོར་གཞི་རིམ་མང་ཚོགས་ཀྱི་གནས་ཚུལ་ལ་རྒྱུས་ལོ་དང་དམངས་ཀྱི་དཀའ་སྡུག་སེལ་ཞིང་། ཕྱིར་གནས་སྤོར་བྱས་པའི་འདུས་ཁུལ་དུ་ཕེབས་ནས་འགྱུར་ལྡོག་ལ་གཟིགས་པ་རེད། མཐོ་སློབ་མཐར་ཕྱིན་སློབ་མ་དང་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི། ཞིང་པ་གླ་པ་སོགས་ཀྱི་ཚོགས་པའི་ལས་ཞུགས་གནད་དོན་ལ་ཐུགས་ཁུར་གནང་ཞིང་། འགན་སྲུང་རང་བཞིན་གྱི་གླ་ཁང་དུ་སོང་ནས་གྲོང་ཁྱེར་གྱི་ཡུལ་དངོས་ལས་སྒྲུབ་པའི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་གནང་བ་རེད།
ཞི་ཅིན་ཕིང་གིས་ད་སེམས་བདེ་མོས་སྡོད་ཐུབ་རྒྱུ་རེད་པ། ཁྱོད་ཚོ་ནི་ཧྲང་ཧའེའི་འཛུགས་སྐྲུན་མཁན་དང་བྱས་རྗེས་འཇོག་མཁན་ཡིན་པས། ཧྲང་ཧའེ་ཡིས་ཁྱོད་ཚོར་སེམས་ཁུར་བྱེད་དགོས་ཞེས་གསུངས།
ད་ལོ་ནས་བཟུང་། ནོར་སྲིད་ཡོང་གཏོང་ཐད་ལ་དཀའ་ངལ་ཆེན་པོ་ཡོད་ཀྱང་། དམངས་འཚོ་ལ་མ་དངུལ་ཇེ་མང་བཏང་ཡོད།
ཀྲུང་དབྱང་གིས་ས་གནས་སྤོར་ཐད་ལ་མ་གཏོང་ཐེངས་དང་པོར་དུང་ཕྱུར་ཁྲི་བཅུ་ལས་བརྒལ་ཞིང་། ན་ནིང་ལས་བརྒྱ་ཆའི་གསུམ་ཚེག་དྲུག་ཇེ་མང་བཏང་ནས། གཞི་རིམ་གྱི་འགན་སྲུང་གསུམ་ལ་རྒྱབ་རྟེན་ཆེན་པོ་བྱས་ཡོད། ལོ་གསུམ་མན་གྱི་ཕྲུ་གུའི་གཉོར་སྐྱོང་དང་བུ་ཕྲུག་སློབ་གསོ། རྒན་རྒོན་ཞབས་ཏོག་ཞུ་བའི་སྐོར་གྱི་མི་སྒེར་གྱི་ཐོབ་ཁྲལ་ཆེད་དོན་ཞར་བཀོད་ཕབ་ཆག་ཚད་གཞི་གོང་མཐོར་བཏང་ནས། རྒན་རྒོན་དང་བྱིས་པའི་འགྲོ་སོང་ཁུར་བོ་སྔར་ལས་ཇེ་ཡང་བཏང་ཡོད།
ད་ལོའི་ཟླ་བ་དང་པོ་ནས་ཟླ་བ་བཅུ་གཅིག་པའི་བར། རྒྱལ་ཡོངས་ཀྱི་སྤྱིར་བཏང་སྔོན་རྩིས་གཏོང་སྤྲོད་ནང་ནས་སློབ་གསོའི་འདོན་སྤྲོད་དེ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ལྔ་ཚེག་བདུན་འཕར་ཡོད། དུས་རབས་གསར་པའི་རྨང་གཞིའི་སློབ་གསོ་རྒྱ་བསྐྱེད་ལེགས་སྐྱོང་དང་སྤུས་ཚད་མཐོར་འདེགས་ཀྱི་བསམ་འཆར་ཁྱབ་བསྒྲགས་ལག་བསྟར་བྱས་པ། མི་དམངས་མང་ཚོགས་སློབ་གྲྭ་འདོན་ཐུབ་པ་ནས་སློབ་གྲྭ་ཡག་པོ་འདོན་ཐུབ་པའི་རེ་བ་ལ་དམིགས་ནས། སྔར་ལས་འདྲ་མཉམ་དང་སྤུས་ཚད་མཐོ་བའི་རྨང་གཞིའི་སློབ་གསོ་འཛུགས་གཉེར་ཡག་པོ་བྱེད་དགོས།
ལས་ཞུགས་ནི་དམངས་འཚོ་གཙོ་བོ་དེ་རེད། ད་ལོ་ནས་བཟུང་། རིམ་པ་སོ་སོའི་སྲིད་གཞུང་གིས་ཐད་ཀར་ལས་ཞུགས་དང་ལས་གཏོད་ལ་རོགས་དངུལ་སྒོར་དུང་ཕྱུར་ཉིས་སྟོང་ལྷག་བཏང་ནས་རྒྱབ་སྐྱོར་བྱས་ཤིང་། ལས་ཤོར་ཉེན་འགོག་འགན་སྲུང་མ་དངུལ་ལས་གནས་བརྟན་པོར་གྱུར་རྗེས་ཕྱིར་སྤྲོད་རྒྱུ་དང་སྤྱི་ཚོགས་འགན་སྲུང་གྲོན་དངུལ་གྱི་སྐྱེད་ཀ་དམའ་རུ་གཏོང་བ་སོགས་ལས་ཞུགས་བརྟན་དུ་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ཀྱིས་དོན་འཁྱོལ་བྱེད་བཞིན་ཡོད། ས་གནས་མང་པོས་ཆ་འཕྲིན་ཅན་གྱི་ཐབས་ལམ་ལ་བརྟེན་ནས། ལས་ཞུགས་ཡིག་ཚགས་བཙུགས་ཏེ་ཞབས་ཞུའི་གནད་འཁེལ་ཚད་མཐོ་རུ་གཏོང་ཡོད། ད་ལོའི་ཟླ་བ་དང་པོ་ནས་ཟླ་བ་བཅུ་གཅིག་པའི་བར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་འཕར་བའི་ལས་ཞུགས་མི་སྣ་བྱེ་བ་གཅིག་ས་ཡ་གཅིག་འབུམ་བརྒྱད་ཡོད་པ་དང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱིས་བརྟག་དཔྱད་བྱས་པའི་ལས་ཤོར་ཚད་ཀྱི་ཆ་སྙོམས་ཚད་ནི་བརྒྱ་ཆའི་ལྔ་ཚེག་གཉིས་ཡིན་ལ། ལོ་སྔོན་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་གྲངས་གནས་ཐིག་ཚེག་བཞི་དམའ་རུ་གྱུར་བས། ལས་ཞུགས་རྣམ་པ་སྤྱིའི་ཆ་ནས་བརྟན་པོ་རེད།
མི་སེར་གྱིས་སེམས་འཁུར་བྱེད་པ་དང་ཁ་ཚ་དགོས་གཏུག་བཅས་ཀྱི་གནད་དོན་གཙིགས་སུ་འཛིན་པ་དང་། དམངས་འཚོའི་མི་འདང་ས་མགྱོགས་མྱུར་དུ་ཁ་གསབ་བྱས་ཡོད།
ད་ལོར། སྨན་རྫས་ཀྱི་རིགས་བརྒྱ་དང་ཉེར་དྲུག་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་སྨན་རྫས་ཀྱི་དཀར་ཆག་ནང་གསར་སྣོན་བྱས་ཡོད་པ་དང་། གྲོས་མོལ་བྱེད་པའི་སྨན་རྫས་ཀྱི་གྲངས་འབོར་ནི་ལོ་མང་པོར་མང་ཤོས་ཡིན་ལ། གྲོས་མོལ་བྱས་ནས་གྲོས་འཆམ་བྱུང་བའི་སྨན་རྫས་ལ་ཆ་སྙོམས་ཀྱིས་གོང་ཕབ་ཚད་བརྒྱ་ཆའི་རེ་གཅིག་ཚེག་བདུན་ལ་ཟིན། ད་ལོར་རྒྱལ་ཡོངས་སུ་འགན་སྲུང་རང་བཞིན་གྱི་གླ་གཏོང་སྡོད་ཁང་ས་ཡ་གཉིས་གྲབས་གསོག་དང་ལེགས་གྲུབ་བྱུང་ནས། གྲོང་མི་གསར་པ་དང་གཞོན་ནུའི་གནས་སྐབས་ཀྱི་སྡོད་ཁང་གི་དཀའ་ཁག་བསལ་ཡོད།
ད་ལོར། ཨང་ཀིའི་རྨང་གཞིའི་སྒྲིག་ཆས་དེ་གྲོང་གསེབ་ཏུ་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་བཏང་སྟེ། ཐོན་སྐྱེད་དང་ཡོང་འཕར་གཏོང་བར་རམ་འདེགས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ཡོང་སྒོའི་ཧེ་བག་ཆུང་དུ་བཏང་ཡོད། ཉིན་འདི་ཤས་ཀྱི་རིང་། ཡུན་ནན་པའོ་ཧྲན་ཤིན་ཀྲའེ་གྲོང་ཚོའི་མུའུ་ཁྲི་ཅན་གྱི་ཚིག་ཇའི་ཞིང་ཁར་ལོ་ལེགས་བྱུང་ཡོད་ལ། ད་ལྟར། ཞིན་ཀྲའེ་གྲོང་ཚོའི་བརྡ་འཕྲིན་རབས་ལྔ་པས་རི་མགོའི་ཚིག་ཇ་སྲན་མའི་ཞིང་ཁར་ཁེབས་པས། གྲོང་ཚོའི་ནང་གི་མི་སེར་ཚོའི་ཐད་གཏོང་བྱེད་ས་ཁང་པ་ནང་ནས་རི་མགོར་སྤོས་བཅུག་པར་མ་ཟད། ཨང་ཀིའི་ཅན་གྱི་འདེབས་འཛུགས་ལ་བརྟེན་ནས་འཚིག་ཇ་སྲན་མའི་སྤུས་ཀ་ཇེ་ལེགས་གཏོང་བཞིན་ཡོད།
ཡུན་ནན་པའོ་ཧྲན་ཞིན་ཀྲའེ་གྲོང་ཚོའི་འཚིག་ཇ་ཁང་དང་པོའི་བདག་པོ་ཚའེ་མིང་ཡུའེ་ཡིས། ཉེ་ཆར་ང་ཚོའི་མངག་ཐོ་ཇེ་མང་སོང་ཡོད་ལ། ང་ཚོའི་གསར་དུ་ཐོན་པའི་སྲན་མ་མངག་ཐོ་ཟླ་བ་མང་པོར་བཀོད་སྒྲིག་ཚར་སོང་ཞེས་ཟེར། ད་ལོ་ནས་བཟུང་། བཀོད་སྒྲིག་གསར་པ་དང་བྱེད་ཐབས་གསར་པ་རབ་དང་རིམ་པ་ནི་མི་དམངས་ཀྱི་སྤུས་ཀ་མཐོ་བའི་འཚོ་བར་འགྱུར་བཞིན་ཡོད།
སྐར་མ་བཅོ་ལྔའི་ནང་ཁུལ་གྱི་འཚོ་བའི་ཁོར་ཡུག་འཛུགས་སྐྲུན་མགྱོགས་པོར་བྱེད་ཅིང་མཆི། འདུས་ཁུལ་ནང་ཞུགས་ཚུལ་གྱི་ཞབས་ཞུ་ལག་བསྟར་ཚོད་ལྟ་སྤེལ་ནས། འདུས་ཁུལ་སྡོད་དམངས་ལ་འདུས་ཁུལ་ཟ་མ་དང་། ཁྱིམ་ལས་དམངས་ཕན་སོགས་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད། རྒྱལ་ཡོངས་སུ་དཔེ་སྟོན་རང་བཞིན་གྱི་རྒན་རྒོན་མཛའ་མཐུན་འདུས་ཁུལ་ཆིག་སྟོང་བསྐྲུན་ནས། སྤུས་ཀ་མཐོ་བའི་ཞབས་ཞུས་མི་སྔར་ལས་མང་པོ་ལ་ཕན་ཐོགས་ཀྱིན་ཡོད།
ལོ་འདིར། ལས་ཞུགས་ནས་སྨན་བཅོས་དང་། སློབ་གསོ་ནས་རྒན་གསོའི་བར། མི་སེར་ཉེ་འགྲམ་གྱི་དོན་དང་སེམས་ཁུར་བྱེད་པའི་དོན་དག་རྒྱལ་ཁབ་འཕེལ་རྒྱས་ཀྱི་མཐོ་རིམ་ཇུས་འགོད་ནང་འདྲེས་ནས། མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་ཇེ་དྲག་གཏོང་བ་རེད། རྒྱང་སྐྱོད་གསར་པའི་ཐོག དེང་སང་གི་ཀྲུང་གོས་སྤུས་ཚད་མཐོ་བའི་སྤེལ་རིམ་ཁྲོད། མུ་མཐུད་ནས་དམངས་འཚོའི་ཕན་བདེ་ཇེ་དྲག་གཏོང་བ་དང་། དེང་རབས་ཅན་གྱི་འཛུགས་སྐྲུན་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་སྔར་ལས་ཕན་འདྲ་མཉམ་ཐོགས་་འཇུག་བཞིན་ཡོད་པ་རེད།




