ཞི་ཅིན་ཕིང་གིས་ལི་ཙེ་མིང་ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་དུ་བདམས་པར་ཤིས་འཕྲིན་སྤྲིངས།
| 2025-06-05 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཟླ་བ་དྲུག་པའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་ཙེ་མིང་ལ་ཤིས་འཕྲིན་སྤྲིངས་ནས། ཁོང་ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཁོ་རེ་ཡ་ལྷོ་མ་ནི་ཁྱིམ་མཚེས་གལ་ཆེན་དང་མཉམ་ལས་རོགས་ཟླ་ཡིན་ལ། ཕྱི་འབྲེལ་བཙུགས་ནས་ལོ་ངོ་སོ་གསུམ་རིང་། ཕྱོགས་གཉིས་ཀྱིས་བསམ་པའི་འདུ་ཤེས་དང་སྤྱི་ཚོགས་ལམ་ལུགས་ཀྱི་ཧེ་བག་ལ་མི་ལྟ་བར་ལག་གདང་སྦྲེལ་ཞིང་ཕན་ཚུན་གྲུབ་འབྲས་ཐོབ་རོགས་བྱས་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་ཞིང་བདེ་ལེགས་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་སྟབས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་བས་ཕན་བདེ་སྐྲུན་པར་མ་ཟད། ས་ཁུལ་ཞི་བའི་བརྟན་བརླིང་དང་འཕེལ་རྒྱས་ཡོང་བར་བྱས་རྗེས་བཞག་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ངས་ཀྲུང་གོ་དང་ཁོ་རེ་ལྷོ་མའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་པོ་བྱེད་བཞིན་ཡོད་ལ། མིག་སྔར། འཛམ་གླིང་ཐོག་ལོ་ངོ་བརྒྱའི་འགྱུར་ལྡོག་མྱུར་དུ་འགྲོ་བཞིན་ཡོད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གནས་བབ་ཁྲོད་ཀྱི་ངེས་མེད་རྒྱུ་རྐྱེན་ཇེ་མང་སོང་ཡོད། འཛམ་གླིང་དང་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཡིན་པས། ཀྲུང་གོས་ཁོ་རེ་ཡ་ལྷོ་མ་དང་མཉམ་དུ། ཕྱི་འབྲེལ་བཙུགས་པའི་ཐོག་མའི་དམ་བཅའ་བརྟན་སྲུང་དང་། ཁྱིམ་མཚེས་བཟང་པོའི་མཛའ་མཐུན་ཁ་ཕྱོགས་བརྟན་པོ་གཏོང་བ། གཉིས་ཁེ་མཉམ་རྒྱལ་གྱི་དམིགས་འབེན་རྒྱུན་འཁྱོངས་བཅས་བྱས་ནས། མཉམ་དུ་ཀྲུང་གོ་དང་ཁོ་རེ་ཡ་ལྷོ་མའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་བཏང་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཐོགས་དེ་བས་ཆེན་པོ་་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།




