གནམ་གྲུ་6000ཙམ་འཕྲལ་མར་འཕུར་མཚམས་འཇོག་དགོས་བྱུང་བ།
| 2025-12-02 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཚེས་28ཉིན་ཧྥ་རན་སིའི་མཁའ་ཐོག་འགྲུལ་སྐྱེལ་ཀུང་སིས་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་ལ་གཞིགས་ན། A320འགྲུལ་སྐྱེལ་གནམ་གྲུ་མང་པོ་ཞིག་གི་འཕུར་སྐྱོད་ཚོད་འཛིན་མཉེན་ཆས་ལ་ཉི་མའི་འགྱེད་འཕྲོ་དྲག་པོ་ཕོག་སླ་བས་འཕྲལ་མར་འཕུར་སྐྱོད་མཚམས་འཇོག་དགོས་ཀྱི་ཡོད་པ་དང་། ཧྥ་རན་སེའི་སྨྱན་སྦྱོར་དུ་ཚོད་དཔག་བྱས་པར་གཞིགས་ན། འགྲུལ་སྐྱེལ་གནམ་གྲུ་6000ཙམ་ལ་ཤུགས་རྐྱེན་ཐེབས་ཡོད་པ་རེད།
མཁའ་ཐོག་འགྲུལ་སྐྱེལ་ཀུང་སིའི་གསལ་བསྒྲགས་ཤིག་གི་ནང་ཉེ་ཆར་A320འགྲུལ་སྐྱེལ་གནམ་གྲུ་མང་དག་ཅིག་དང་འབྲེལ་བ་ཡོད་པའི་དོན་རྐྱེན་ལ་དབྱེ་ཞིབ་བྱས་པ་ལས། ཉི་མའི་འགྱེད་འཕྲོ་དྲག་པོ་དེས་འཕུར་སྐྱོད་ཚོད་འཛིན་མ་ལག་འཁོར་སྐྱོད་བྱེད་པར་བརྟེན་པའི་འགག་རྩའི་གཞི་གྲངས་ལ་གཏོར་སྐྱོན་བཟོ་སྲིད་ཅེས་འཁོད་ཡོད་པ་རེད། དཔྱད་དཔོག་དེར་གཞིགས་ན། མཁའ་ཐོག་འགྲུལ་སྐྱེལ་ཀུང་སི་དང་མཁའ་འགྲུལ་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་མཁའ་འགྲུལ་གཉེར་སྐྱོང་ཚོང་པར་ཉེན་བརྡ་བཏང་ནས་འཕྲལ་མར་སྔོན་འགོག་རང་བཞིན་གྱི་བྱེད་ཐབས་སྤྱོད་དགོས་པའི་བླང་བྱ་བཏོན་པ་རེད།
ཧྥ་རན་སེའི་ཚོང་ལས་ཟློས་སྒྲིག་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། གསལ་བསྒྲགས་ནང་བཤད་པའི་དོན་རྐྱེན་ནི་ཟླ་10ཚེས་30ཉིན་ཨ་རིའི་ཅེ་ལན་མཁའ་འགྲུལ་ཀུང་སིའི་A320རིགས་ཀྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་འཕུར་སྐྱོད་བྱེད་པའི་ལམ་བར་དུ་མཐོ་ཚད་གློ་བུར་དུ་ཆག་ནས་འགྲུལ་པ་མང་པོ་ཞིག་ལ་རྨས་སྐྱོན་ཕོག་པ་དེ་ཡིན། འགྲུལ་སྐྱེལ་གནམ་གྲུ་དེ་མོ་ཞི་ཁོའི་ཁན་ཁུན་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་ཨ་རིའི་ཙེ་ཙེ་ཤིས་མངའ་སྡེའི་ཉིའུ་ཝ་ཁེ་གནམ་གྲུ་ཐང་དུ་འཕུར་ཞིང་། རྗེས་སུ་ཨ་རིའི་ཧྥོ་ལུའོ་ལི་ཏ་མངའ་སྡེའི་ཐན་ཕ་རྒྱལ་སྤྱིའི་གནམ་གྲུ་ཐང་བརྗེས་ནས་འབབ་ཡོད་པ་རེད།
ཧྥ་རན་སེའི་སྨྱན་སྦྱོར་དུ་གནས་འཕྲིན་སྤེལ་བར་གཞིགས་ན། དེ་དང་འབྲེལ་བ་ཡོད་པའི་A320འགྲུལ་སྐྱེལ་གནམ་གྲུ་མང་ཆེ་བའི་ངོས་ནས་བརྗོད་ན། འབྲེལ་ཡོད་མཉེན་ཆས་དག་ཉི་མའི་འགྱེད་འཕྲོ་དྲག་པོའི་ཤུགས་རྐྱེན་མི་ཐེབས་པའི་པར་གཞི་སྔོན་མར་སླར་གསོ་བྱེད་དགོས་པར། ཆུ་ཚོད་འགའ་ལས་དགོས་ཀྱི་མེད་པ་རེད། འོན་ཀྱང་འགྲུལ་སྐྱེལ་གནམ་གྲུ་1000ཙམ་མཁྲེགས་ཆས་བརྗེ་དགོས་པས་སྔོན་དཔག་བྱས་ན་འབྲེལ་ཡོད་བཀོལ་སྤྱོད་གཟའ་འཁོར་ཁ་ཤས་རྒྱུན་མཐུད་བྱ་རྒྱུ་ཡིན་པ་རེད།






