ལོ་ལྔ་ཚན་གྱི་འཆར་གཞི་ཨང་བཅོ་ལྔ་པའི་འགོ་ཡག་པོ་ཚུགས།
| 2026-01-20 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ལོ་གསར་ཚེས་པས། ས་གནས་ཁག་གིས་རང་ཉིད་ཀྱི་ཐོན་ཁུངས་ལེགས་ཆ་སྤེལ་ཞིང་། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་ལེགས་ཆ་ཇེ་དྲག་བཏང་ནས། གྲོང་གསེབ་དར་རྒྱས་ཡོངས་སུ་སྤེལ་ཞིང་ཁྱད་ལྡན་ཐོན་ལས་ལེགས་ཆ་རྒྱ་སྐྱེད་གཏོང་བཞིན་མཆིས།
ད་ལོར། ཧོ་པའེ་ཡིས་ཁྱད་ལྡན་གཙོ་ཁྲིད་ཐོན་ལས་གསོ་སྤེལ་བྱེད་པར་མུ་མཐུད་དེ་རྒྱབ་སྐྱོར་དང་། ཞིང་ལས་ཐོན་རྫས་ལས་སྣོན་ཟབ་མོའི་ཆུ་ཚད་མཐོ་འདེགས་གཏོང་བ་དང་། ཐོན་ལས་སྟོབས་ལྡན་གྱི་གྲོང་རྡལ་དང་ཁྱད་ལྡན་གྲོང་གསེབ་ཁག་གཅིག་འཛུགས་སྐྲུན་མགྱོགས་པོར་བྱེད་བཞིན་ཡོད། པའོ་ཏིང་དབྱི་རྫོང་དུ། ཤིང་ཏོག་ཨ་མྲ་ཐོན་ལས་ར་བའི་འཛུགས་སྐྲུན་བྱེད་བཞིན་ཡོད་ལ་ཐོན་སྐྱེད་བྱེད་རྗེས། ལོ་རེར་ཤིང་ཏོག་ཨ་མྲ་བརྒྱད་ཁྲི་བརྒྱད་སྟོང་ཙམ་ཐོན་སྐྱེད་བྱ་འཐུབ་ལ། ལོ་རེར་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་ལྔ་ལ་ཟིན་རྒྱུ་དང་། འབྲེལ་ཡོད་ཀྱི་ཞིང་དུད་ལོ་རེར་ཆ་སྙོམས་སྒོར་ཁྲི་གཉིས་ཙམ་ལོནའ་ཐུབ་རྒྱུ་རེད།
ད་ལོར་ཧུའུ་ནན་གྱི་འབྲུ་རིགས་དང་སྒོ་ཕྱུགས་དང་ཁྱིམ་བྱ། ཤིང་ཏོག སྔོན་ཚལ་སོགས་ཁྱད་ལྡན་ཐོན་ལས་ལེགས་ཆར་དོ་སྣང་བྱེད་ཅིང་། ཐོན་ལས་མ་ལག་གསབ་རེས་ཇེ་དྲག་གཏོང་བ་བཅས་ཀྱི་སྟོབས་ཤུགས་འཛུགས་པ། སོན་བཟང་རྒྱུད་སྤེལ་དང་ལས་སྣོན་ཟབ་མོ། འཁྱགས་སྦྲེལ་ཟོག་འདྲེན་སོགས་འཛུགས་སྐྲུན་ཇེ་མགྱོགས་བྱས་ནས།
ཐོན་རྫས་ཚོང་རའི་འགྲན་རྩོད་ནུས་ཤུགས་མུ་མཐུད་དེ་ཇེ་དྲག་གཏོང་བ་རེད།
ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་བསྲེས་ཇེ་མགྱོགས་གཏོང་བཞིན་ཡོད། ལོ་གསར་པའི་ནང་ཅེ་ལིན་ཞིང་ཆེན་གྱིས་ཆེད་སྤྱོད་མ་དངུལ་དུང་ཕྱུར་ལྔ་བཏང་ནས། གངས་འཁྱགས་མྱོངས་ཚོར་དང་དམངས་སྲོལ་མྱོངས་ཚོར་སོགས་ལས་རྣམ་གསར་པ་རིམ་སྤར་བྱས་ནས། གངས་འཁྱགས་ཡུལ་སྐོར་ལས་རྣམ་རྫོང་ཁོངས་ཡོངས་སུ་ཁེབས་ཐུབ་ཡོད། གྲོང་གསེབ་གངས་འཁྱགས་ཡུལ་སྐོར་འཕེལ་རྒྱས་མགྱོགས་པོར་སྐུལ་འཁྲིད་བྱེད་ཀྱིན་ཡོད་པ་རེད།
ཧྥུ་ཅན་གྱིས་ད་ལོར་ཁོངས་ཡོངས་སྐྱེ་ཁམས་ཡུལ་སྐོར་གྲོང་རྡལ་ཆུང་ཆུང་སོགས་བསྐྲནུ་ནས། གྲོང་གསེབ་ཡུལ་སྐོར་གྱི་སྤུས་ཚད་མུ་མཐུད་དེ་རིམ་སྤར་བྱ་རྒྱུ་རེད།
ད་ལྟ་ཧྥུའུ་ཀྲོའུ་ཝན་ཧྲི་གྲོང་ཚོའི་དཔྱིད་མགོའི་མེ་ཏོག་མུའུ་ཉིས་སྟོང་ཙམ་ལྟད་མོར་ཕུལ་ཞིང་། ད་ལོར་གྲོང་ཚོས་མེ་ཏོག་ཁྲོད་དུ་གུར་ཕུབ་སྤྲོ་འཆམ་དང་ཆུ་ཐོག་མེ་ཏོག་རོལ་སྐོར་སོགས་རིག་གནས་ཡུལ་སྐོར་བྱེད་ས་གསར་པ་བཏོན་ནས། ཡུལ་སྐོར་བ་རྣམས་ཀྱིས་དགུན་དུས་གྲོང་གསེབ་ཀྱི་མཛེས་སྡུག་ལོངས་སུ་སྤྱོད་ཆོག་པ་རེད།
ཚན་རྩལ་གྱིས་གྲོང་ཚོའི་ཁྱད་ལྡན་ཐོན་ལས་ལ་མཐུན་རྐྱེན་བསྐྲུན་ཡོད། ད་ལོར་སི་ཁྲོན་གྱིས་ཨང་ཀིའི་གྲོང་ཚོ་འཛུགས་སྐྱོང་མགྱོགས་པོར་བྱས་ནས་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་བར་རོགས་འདེགས་བྱེད་ཀྱིན་ཡོད། ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་སུ། མིས་བཟོས་རིག་ནུས་དང་ཟོག་འདྲེན་དྲ་བའི་ལག་རྩལ་སྤྱད་ནས་བཙུགས་པའི་འབྲི་ཏ་ས་འཛིན་གྱི་བཟོ་གྲྭའི་ནང་། ཚོར་སྐྱེད་ཆས་བརྒྱ་ལྷག་ལ་བརྟེན་ནས། གོ་རིམ་ཡོངས་སུ་ཨང་ཀི་ཅན་དང་། རིག་ནུས་ཅན་གྱིས་ཚོད་འཛིན་བྱས་ཏེ། འབྲི་ཏ་ས་འཛིན་གྱི་ཐོན་ཚད་མཐོར་འདེགས་བཏང་ཡོད།
ཀོང་ཏུང་ཞིང་ཆེན་གྱིས་ད་ལོར་གཞི་ཁྱོན་ཅན་དང་གཅིག་བསྡུས་ཅན་གྱི་དེང་རབས་གྲོང་གསེབ་ཐོན་ལས་མ་ལག་འཛུགས་སྐྲུན་གང་ཐུབ་བྱས་ནས། མིས་བཟོས་རིག་ནུས་སོགས་སྔོན་འགྲོའི་ཚན་རྩལ་གྱིས་ཁྱད་ལྡན་ཞིང་ལས་ལ་སྒུལ་ནུས་བསྩལ་ཡོད། མའོ་མིང་པའེ་ཆའོ་གྲོང་ཚོའི་འབྲུག་མིག་ཚགས་མའི་ར་བའི་ནང་། ལེགས་བཅོས་བྱས་ཟིན་པའི་མིས་བཟོས་རིག་ནུས་གཞི་ཁྱོན་ཅན་གྱིས་ཕྱོགས་ཡོངས་ནས་ས་གནས་ཀྱི་འབྲུག་མིག་ཚགས་མའི་ཐོན་ལས་གཞི་གྲངས་ཆེན་མོའི་སྟེགས་བུ་དང་འབྲེལ་མཐུད་བྱས་ཤིང་། མིས་བཟོས་རིག་ནུས་ཀྱི་དཔེ་དབྱིབས་དེ་འབྲུག་མིག་ཚགས་མའི་གནོད་འབུ་འགོག་བཅོས་ཤེས་བྱ་དང་། ནམ་ཟླའི་ཆ་འཕྲིན་སོགས་གཞི་གྲངས་ལ་འབྲེལ་མཐུད་བྱས་ནས། སིལ་རའི་ནང་དོ་དམ་བྱེད་པ་དང་དུས་མཚུངས་སུ། འབྲུག་མིག་ཚགས་མའི་ཐོན་སྐྱེད་ཕན་འབྲས་མཐོར་འདེགས་གཏོང་བཞིན་ཡོད་པ་རེད།




