英文|藏文 |APP W020161009565839193236.jpg | 微信 111111111.jpg

གནའ་བོའི་ལམ་བུར་དེང་གི་དཔལ་ཡོན་བཞད།

2026-01-20 来源:མི་དམངས་དྲ་བ། 作者:措拉 分享:

  ཉང་ཆུ་གཙང་པོའི་འགྲམ་དང་གླང་ཆེན་རིའི་རི་གཤམ་དུ་གནས་པའི་ཀོང་པོ་རྒྱ་མདའ་རྫོང་རྒྱ་མདའ་ཤང་ཐའེ་ཀྲའོ་གྲོང་ཚོས་ལོ་ངོ་སྟོང་གི་ལོ་རྒྱུས་འཕོ་འགྱུར་ལ་བདེན་དཔང་བྱས་པ་དང་། དེ་གར་ནི་ཐང་བོད་གནའ་ལམ་དང་། ཇ་རྟའི་གནའ་ལམ། ཁྲོན་བོད་གཞུང་ལམ་བཅས་ཀྱི་ལམ་མདོ་འཁེལ་བ་མ་ཟད། དམག་སྡེ་བཅོ་བརྒྱད་པའི་ཟམ་ཤུལ་དང་གེ་སར་ལྷ་ཁང་སོགས་གནའ་ཤུལ་མང་པོས་མི་རིགས་མང་པོ་མཉམ་འདྲེས་བྱས་པའི་ལོ་རྒྱུས་ཀྱི་ངོ་མཚར་ལ་བདེན་དཔང་བྱས་ཡོད་ལ། ཡུལ་དེ་ནི་དེ་སྔའི་ཁྲོན་བོད་ལམ་བུའི་ཐོག་གི་ས་ཚུགས་གལ་ཆེན་ཞིག་ཀྱང་རེད།འདི་ནི་གཙང་ཞིང་གྲལ་སྟར་འགྲིག་པའི་ཐའེ་ཀྲའོ་གྲོང་ཚོ་ཡིན་པ།

འདི་ནི་གཙང་ཞིང་གྲལ་སྟར་འགྲིག་པའི་ཐའེ་ཀྲའོ་གྲོང་ཚོ་ཡིན་པ།

  འགྲུལ་པ་བྲེལ་འཚུབ་ཆེན་པོས་འགྲོ་འོང་བྱེད་པའི་ཐའེ་ཀྲའོ་གནའ་བོའི་ས་ཚུགས་ནས་ད་ལྟའི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་གྲོང་ཚོ་བར་དང་སྔོན་ཆད་རི་ལ་བརྟེན་ནས་འཚོ་བ་སྐྱེལ་བའི་ལུང་ཁུག་ནས་ད་ཆའི་གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་བར། གནའ་བོའི་གྲོང་ཁྱེར་ལ་ཉམས་འགྱུར་གསར་པ་མངོན་པ་དང་སྡོང་པོ་རྙིང་པར་ཡལ་ག་གསར་པ་རྒྱས་ནས་མཐུན་སྒྲིལ་འཕེལ་རྒྱས་ཀྱི་གཏམ་རྒྱུད་དེ་གར་མུ་མཐུད་རྩོམ་བཞིན་ཡོད།

ལོ་ངོ་སྟོང་གི་རིག་གནས་ལས་མི་སེམས་གཅིག་ཏུ་བསྒྲིལ། སེ་འབྲུའི་མེ་ཏོག་དམར་མདངས་རབ་ཏུ་རྒྱས།

  རྡོ་གཅལ་ལམ་བརྒྱུད་ནས་ཐའེ་ཀྲའོ་གྲོང་ཚོའི་མཐུན་སྒྲིལ་ཐང་ཆེན་དུ་སྐྱོད་སྐབས། གྱང་དཀར་པོ་དང་སྒེའུ་ཁུང་ཁྲ་ཁྲ་ཡིན་པའི་བོད་བཟོའི་ཁང་པ་མཐོ་པོ་ཞིག་མིག་མདུན་དུ་འཆར་བ་དེ་ནི་ལྗོངས་ཡོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཆེད་དོན་འགྲེམས་ཁང་དང་པོ་སྟེ་ཐའེ་ཀྲའོ་གནའ་གྲོང་གི་འགྲེམས་སྟོན་ཁང་རེད།

  འགྲེམས་ཁང་དེ་2023ལོའི་ཟླ་9པར་སྒོ་ཕྱེ་བ་དང་། སྨི་ངོས་གྲུ་1200ཡོད་པའི་བཤམས་སྟོན་བར་མཐོངས་ཀྱི་པར་རིས་216དང་། ཡུལ་རྣམ་7 འཇིམ་བརྐོས་11བཅས་ལས“རྒྱ་བོད་འབྲེལ་བའི”གཏམ་རྒྱུད་30ལྷག་ཙམ་གསོན་ཉམས་ལྡན་པའི་སྒོ་ནས་བསྐྱར་དུ་མངོན་ཡོད།

“འགྲེམས་ཁང་སྒོ་ཕྱེ་བ་ནས་2025ལོའི་ཟླ་12པའི་བར་འགྲེམས་ཁང་དེས་ལྟ་སྐོར་བ་ཁག་115དང་མི་ཐེངས་2000ལྷག་ཙམ་ལ་སྣེ་ལེན་བྱས་ཏེ། ཀོང་པོ་རྒྱ་མདའ་རྫོང་དང་ཐ་ན་ཉིང་ཁྲི་གྲོང་ཁྱེར་དང་ལྗོངས་ཡོངས་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སྤེལ་བའི་ལས་སྟེགས་མཁོ་འདོན་བྱས་ཡོད”ཅེས་ཐའེ་ཀྲའོ་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གི་རུ་དཔོན་དང་ཧྲུའུ་ཅི་དང་པོ་གཅིག་ལྕོགས་ཀེ་ཡུན་གྱིས་བཤད་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཡིན་པའི་ཐའེ་ཀྲའོ་གྲོང་ཚོའི་ལོ་རྒྱུས་ནི་མི་རིགས་མཐུན་སྒྲིལ་གྱི“བསླབ་གཞི་གསོན་པོ”ཞིག་རེད།

  ང་ཚོའི་ཁྱིམ་ཚང་ནི་མི་རིགས་མཐུན་སྒྲིལ་གྱི་ཕན་པ་ཐོབ་མཁན་ཞིག་ཡིན”ཞེས་ཀན་སུའུ་ཡི་གཞོན་ནུ་ཧྲན་ཅིན་ཤང་གིས་མྱོང་ཚོར་ཆེན་པོས་བཤད།

2004ལོར་ཁོང་ཐའེ་ཀྲའོ་གྲོང་ཚོར་ཟམ་པ་བསྐྲུན་པར་ཡོང་སྐབས་བོད་རིགས་བུ་མོ་འཆི་མེད་དང་ངོ་ཤེས་ནས་དགའ་རོགས་བསྒྲིགས་པ་དང་དེ་ནས་གཉེན་སྒྲིག་བྱས་པ་རེད། ལོ་ངོ་20ལྷག་ཙམ་རིང་ཧྲན་ཅིན་ཤང་གིས་བོད་རིགས་ཀྱི་དགེ་ཕྲུག་དྲུག་ལ་ལྡེབས་ཞལ་ལག་རྩལ་བུམ་པ་གང་བྱོའི་ཚུལ་གྱིས་བསླབས་པས་ཁོང་ཚོས་ལག་རྩལ་སྣ་གཅིག་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་བྱུང་བ་རེད། ད་ཆ་ཧྲན་ཅིན་ཤང་གི་ཁྱིམ་ཚང་གི་ལོ་རེའི་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཟིན་པ་དང་ནང་མི་ཚང་མ་བདེ་སྐྱིད་དཔལ་ལ་རོལ་ནས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག”གི་གསོན་ཉམས་དོད་པའི་མཚོན་ཚུལ་དུ་གྱུར་ཡོད།

  ཐའེ་ཀྲའོ་གྲོང་ཚོར་ཧྲན་ཅིན་ཤང་ལྟ་བུའི་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་6ཡོད། གྲོང་ཚོ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་སེ་འབྲུའི་རྡོག་ལྟར་གཅིག་ལ་གཅིག་བརྟེན་གྱིས་ཕན་ཚུན་བརྩེ་དུང་ཟབ་ལ་འཆམ་མཐུན་མཉམ་གནས་བྱེད་བཞིན་ཡོད།

གྲོང་གསེབ་དར་རྒྱས་ཆེད་དུ་མཉམ་དུ་འབད། ཐོན་ལས་སྣ་མང་གཉེར་ནས་ཡོང་འབབ་འཕར།

  གྲང་ངར་ཆེ་བའི་དགུན་དུས་སུ། “ཐའེ་ཀྲའོ་གནའ་གྲོང་མི་རིགས་མཐུན་སྒྲིལ་གྲོང་རྡལ་ཆུང་ངུ”སྐྲུན་མཚམས་བཞག་མེད་པ་དང་། ཨར་ལས་བྱ་ཡུལ་དུ་ལས་མིས་དབོར་འདྲེན་དང་ཚ་ལ་རྒྱག་པ་ལ་སོགས་བྲེལ་འཚུབ་ཆེ་ལ་གོ་རིམ་ལྡན་པའི་ངང་ལས་ཀ་བྱེད་བཞིན་ཡོད་ཅིང་། ཡུན་རིང་མ་འགོར་བར་དེ་གར་ནི་རྒྱལ་ལམ་318ལམ་རྒྱུད་ཀྱི་མཛེས་སྡུག་ལྡན་ལ་ཁྱད་ཆོས་ཆེ་བའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ཞིག་ཏུ་འགྱུར་རྒྱུ་རེད།

2024ལོར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་1བཏང་བའི་“ཐའེ་ཀྲའོ་གནའ་གྲོང་མི་རིགས་མཐུན་སྒྲིལ་གྲོང་རྡལ་ཆུང་ངའི”རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་ཤིང་། ཉིང་ཁྲི་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྒྱུར་བཅོས་སྒོ་དབྱེའི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་རྣམ་གྲངས་ཁག་དང་པོ་ཡིན་པའི་ངོས་ནས་གྲོང་རྡལ་ཆུང་ངུ་དེས་གནའ་བོའི་ཁྲོམ་གཞུང་གི་རྣམ་པ་སླར་གསོ་དང་། ཁྱད་ལྡན་ལས་རྣམ་ཕུན་སུམ་ཚོགས་སུ་གཏོང་བ། ཁེ་ཕན་འབྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་ཁྲིད་སྟོན་བྱེད་པ་བཅས་ཀྱི་བསམ་ཕྱོགས་གཙོ་བོར་བྱས་ཏེ། གནའ་བོའི་ཚོང་འགྲུལ་ས་ཚུགས་དང་། གསར་བརྗེའི་ལོ་རྒྱུས། དེང་དུས་ཀྱི་འཚོ་བ་སོགས་ཀྱི་གཞི་རྒྱུ་བསྡུ་སྒྲིལ་བྱས་ཏེ་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱོར་བའི་དཔེ་མཚོན་ལས་གྲྭ་ཞིག་ཏུ་ཧུར་ཐག་བསྐྲུན་རྒྱུ་རེད།

རྣམ་གྲངས་ལ་སྐུལ་འདེད་བཏང་བ་དེས་ས་གནས་དེ་གའི་ཡུལ་མིར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་རེད།

གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་མང་ཚོགས་120ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཨར་ལས་དང་། སྐྱེལ་འདྲེན། འཕྲུལ་ཆས་བོགས་གཏོང་སོགས་ཀྱི་ལས་ཀར་ཞུགས་པ་རེད། མིག་སྔའི་བར་རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་170ལྷག་ཙམ་འཕར་བར་སྐུལ་ཁྲིད་བྱས་པས། མི་རེར་ཆ་སྙོམས་སྒོར་ཁྲི་1.4ལྷག་ཙམ་བྱུང་བ་དང་རྣམ་གྲངས་ལེགས་གྲུབ་བྱས་རྗེས་བསྡོམས་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་ཟིན་རྒྱུ་རེད།

“དེ་སྔ་ཕྱིར་གླ་པ་རྒྱུག་པར་ཕྱིན་ཚེ་ཁྱིམ་ལ་ལྟ་རྟོག་བྱེད་ཐུབ་ཀྱི་མེད། ད་ལྟ་གྲོང་ཚོར་བསྡད་ནས་ལས་ཀ་བྱས་སྟབས་ཡོང་འབབ་གསོག་ཐུབ་པ་མ་ཟད། རྒན་རྒོན་དང་བྱིས་པར་ཡང་ལྟ་རྟོག་ཐུབ་ཀྱི་འདུག་པས་དངོས་གནས་ཡག་པོ་འདུག”ཅེས་ཡུལ་མི་པད་མས་དགའ་ཚོར་ཆེན་པོས་བཤད།

འཕེལ་རྒྱས་ཀྱི་ཁེ་སྤོགས་ནི་ལོ་རྒྱུས་རིག་གནས་ཐོན་ཁུངས་ཀྱིས་འདེགས་སྐྱོར་བྱེད་པའི་རྣམ་གྲངས་ལས་བྱུང་བ་ཞིག་ཡིན་པ་མ་ཟད། ད་དུང་ཡུལ་མི་ཚོས་ལས་ལ་བརྩོན་པའི་བློ་གྲོས་ལ་བརྟེན་ནས་མཉམ་སྡེབ་དཔལ་འབྱོར་ཐོན་ལས་བཏོད་པ་ལས་བྱུང་བ་ཞིག་ཀྱང་རེད། 2024ལོའི་ཟླ་6པར་གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག་ཐའེ་ཀྲའོ་གྲོང་ཚོའི་མང་ཚོགས་ཀྱིས་མ་དངུལ་སྒོར་ཁྲི་120བསྡུ་རུབ་བྱས་ཏེ་ཀོང་པོ་རྒྱ་མདའ་རྫོང་གི་གྲོང་ཚོ་རིམ་པའི་རླངས་འཁོར་བོགས་གཏོང་ཞབས་ཞུ་ཀུང་སི་ཐོག་མ་སྟེ། ཐའེ་ཀྲའོ་ཚང་གི་རླངས་འཁོར་བོགས་གཏོང་ཞབས་ཞུ་ཀུང་སི་བཙུགས་པ་རེད།

“ཀུང་སིའི་ལས་སྒོའི་ནང་བོགས་གཏོང་དང་། ཚབ་གཏོང་། ཕྱིར་ཚོང་བཅས་ཚུད་ཡོད་པས་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་ཕྱིན་པ་མ་ཟད། ང་ཚོར་ཁྱིམ་གྱི་སྒོ་རྩ་ནས་ལས་ཀ་རག་བྱུང” ཡུལ་མི་བློ་བཟང་ནི་མ་རྐང་བདག་པོའི་གྲས་ཡིན་པ་མ་ཟད། ལས་མི་ཡང་ཡིན་པས་གླ་ཕོགས་ལེན་རྒྱུ་ཡོད་ལ་ལོ་མཇུག་ཏུ་ད་དུང་ཁེ་སྤོགས་ཀྱང་རག་གི་ཡོད། 2025ལོར་ཀུང་སི་དེའི་ཡོང་འབབ་སྒོར་ཁྲི་67.2ཟིན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི“གཙོ་ཤུགས་དམག”ཏུ་གྱུར་ཡོད།

ཆུང་ཙག་ས་ནས་དྲོ་སྐྱིད་ཆེན་པོ་ཚོར། གནས་འཕྲོད་ལས་འཚམ་བདེ་སྡོད་དཔལ་ལ་རོལ།

“གྲོང་ཚོའི་བདེ་སྐྱིད་ལྡན་པའི་ཞིང་པའི་དེབ་ཁང་བསྐྲུན་རྗེས་ཕྲུ་གུ་ཚོར་མཉམ་དུ་སློབ་སྦྱོང་བྱེད་ས་དང་དཔེ་དེབ་ལྟ་ས་བྱུང་ཡོད”

“གྲོང་ཚོའི་མཉམ་སྡེབ་ནས་ལོ་ལྟར་གྲོང་མི་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་དང་རྒན་གསོའི་འགན་བཅོལ་གྱི་གྲོན་དངུལ་ཕྱེད་ཀ་སྤྲོད་ཀྱི་ཡོད་པ་དང་ང་ཚོ་རང་ཉིད་ཀྱིས་ཕྱེད་ཀ་ལས་སྤྲོད་དགོས་མེད”  “གྲོང་སྡོད་ལས་བྱེད་པས་བརྩོན་ལེན་བྱས་པ་བརྒྱུད། གྲོང་ཚོ་ཡོངས་ཀྱི་བུད་མེད་64ཚང་མར་ཁབ་ཐེངས་གཅིག་གི་རིན་པ་གཟིགས་སྐྱོང་བྱས་ཏེ་རིན་པ་གཉིས་པའི་HPVརིམས་འགོག་སྨན་ཁབ་བརྒྱབ་པ་རེད”

བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཐུགས་ཁུར་ཆུང་ཙག་ལས་བྱུང་བ་ཞིག་ཡིན་པ་དང་། མང་ཚོགས་ཀྱི་གཏམ་གླེང་ཁྲོད་དུ་གསར་འགོད་པས་ཐའེ་ཀྲའོ་གྲོང་ཚོའི་བདེ་སྡོད་ལས་བརྩོན་ཚོར་ཡོད།

ཐའེ་ཀྲའོ་གྲོང་ཚོའི་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་ནི་ས་གནས་དེ་གའི་རྒན་རྒོན་ལ་རོགས་རམ་དང་རྒན་གསོའི་དམངས་འཚོའི་རྣམ་གྲངས་ཤིག་ཡིན་པ་དང་རྒན་རྒོན་ལ་ཉིན་མོའི་ལྟ་སྐྱོང་དང་། བདེ་ཐང་དོ་དམ། བཟའ་བཏུང་རོལ་རྩེད་སོགས་ཀྱི་ཞབས་འདེགས་སྣ་ཚོགས་ཞུས་ཏེ་རྒན་རྒོན་ཚོར་ཅུང་ལེགས་པའི་འཚོ་བའི་འགན་ལེན་དང་སེམས་ཀྱི་རྟེན་ས་རག་པ་མ་ཟད། ཕྱིར་ཡོང་འབབ་གསོག་མཁན་གྱི་བུ་ཕྲུག་ཚོ་བློ་བདེ་བག་ཕེབས་བྱུང་ཡོད། 2023ལོར་བདེ་སྐྱིད་ཁང་དེ་རང་སྐྱོང་ལྗོངས་ཀྱི་སྐར་གསུམ་རིམ་པའི་རྒན་གསོའི་ཞབས་ཞུའི་སྒྲིག་གཞིར་བདམས་པས་རྒན་རྒོན་ཚོ་དེ་གར“རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་སེམས་པ་སྐྱིད་པོ”བྱུང་ཡོད།

དམངས་འཚོར་དོན་ཆུང་མེད། ཐའེ་ཀྲའོ་གྲོང་ཚོའི་ཡུལ་མིའི་སྐྱིད་སྣང་དེ་ཙམ་གྱིས་མི་ཚད་ཅིང་། 2025ལོར་ཐའེ་ཀྲའོ་གྲོང་ཚོས་དམངས་ཕན་ཞབས་ཞུའི་མྱུར་སྐྱེལ་གནས་སྐབས་ཉར་ཚགས་ས་ཚིགས་བཙུགས་པས་མང་ཚོགས་ཀྱིས་མྱུར་སྐྱེལ་ཉར་ཚགས་ལ་སེམས་ཁྲལ་བྱེད་དགོས་མེད་པ་དང་། གྲོང་ཚོའི་མཐའ་འཁོར་དུ་གཅན་གཟན་འགོག་པའི་ཉི་ནུས་གློག་སྒྲོན་བསྒར་ཡོད་པས་མཚན་མོར་ཕྱིར་སྐྱོད་སྐབས་དེ་བས་བདེ་འཇགས་ལྡན་པ་བྱུང་ཡོད། ཉིང་ཁྲི་གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པ་གྲོང་ཚོར་གདན་དྲངས་པས་མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་ཁར་ལྟད་མོ་ཆེ་བའི་འཁྲབ་སྟོན་ལྟ་ཐུབ་པ་རེད།

“ལོ་འདི་དག་རིང་། གྲོང་ཚོས་དམངས་འཚོའི་ཁྱབ་ཁོངས་སུ་དངོས་དངོས་རྗེན་རྗེན་གྱི་མ་དངུལ་བཏང་ཞིང་། 2021ལོ་ནས་བཟུང་། གྲོང་ཚོའི་མཉམ་སྡེབ་ནས་རིམ་རྩིས་བརྒྱབ་ན་ཡུལ་མིར་སྨན་བཅོས་དང་རྒན་གསོ་སོགས་འགན་བཅོལ་གྱི་གྲོན་དངུལ་སྣ་ཚོགས་སྒོར་ཁྲི་37ལྷག་ཙམ་སྤྲད་པ་དང་། གྲོང་ཚོ་ཡོངས་ཀྱི་སློབ་ཆེན་སློབ་མ་88ལ་སློབ་སྐྱོར་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི་7.6བཏང་བ། གྲོང་ཚོ་ཡོངས་ཀྱི་དུད་ཚང་104ཡི་ཡུལ་མིས་ཤེས་དཔལ་སྐར་གསོག་བྱས་པ་བརྒྱུད་སྒོ་རྩིས་ཚོང་ཁང་ནས་རིན་ཐང་བསྡོམས་འབོར་སྒོར་ཁྲི་1.72རི་བའི་འཚོ་བའི་མཁོ་ཆས་སྣ་ཚོགས་བརྗེས་ཡོད”

ཐའེ་ཀྲའོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་པད་མ་གཡང་འཛོམས་ཀྱིས“གྲོང་ཚོའི་མཉམ་སྡེབ་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་ནི་ཡུལ་མི་ཚོར་ཕན་བདེ་བསྐྲུན་རྒྱུ་དེ་རེད། ཚང་མར་ཁ་ཡོད་ལག་ཡོད་ཀྱི་བྱ་བ་དངོས་དང་བྱ་བ་བཟང་པོ་བསྒྲུབས་ནས་གྲོང་ཚོ་ཡོངས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་དེ་ནི་འཕེལ་རྒྱས་གཏོང་བའི་དོན་སྙིང་རེད”ཅེས་བཤད།

དུས་རབས་གསར་པའི་རླབས་རྒྱུན་ཁྲོད་འགྲིམ་འགྲུལ་ལམ་མདོ་ཡིན་པའི་ཐའེ་ཀྲའོ་ཡིས་ལོ་རྒྱུས་ཀྱི་དྲན་ཤེས་ལ་བརྟེན་ནས། མི་རིགས་མཐུན་སྒྲིལ་འབྲེལ་ཐག་ཏུ་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་དམིགས་ཚད་དུ་བྱེད་པ། དམངས་འཚོའི་བདེ་སྐྱིད་རྩ་བར་འཛིན་པ་བཅས་བྱས་ཏེ་ཉམས་གྱུར་གསར་པར་བརྟེན་ནས་དར་རྒྱས་ཀྱི་བགྲོད་ལམ་ཡངས་པོར་སྐྱོད་བཞིན་མཆིས།


关键词 >>
分享:

相关阅读

网站地图 新闻 专题 晚会活动 康巴卫视节目 视频 娱乐 图说 文化 旅游
国内国际
涉藏新闻
岗日杂塘
启米时间
法治明镜
向巴聊天
康巴讲坛
康巴欢乐汇
雪域高原
欢乐星播客
快乐汉藏语
周末大舞台
藏歌金曲
云丹科普苑
格桑花开
翁姆报天气
央视新闻联播
康巴卫视新闻
纪录片
微视频
专题片
电影
电视剧
动画片
藏歌藏舞
晚会活动
文化动态
藏传佛教
名家专栏
艺术
旅游资讯
景点推荐
风土人情
旅游宝典
加载更多 >>
涉藏各地
合作媒体
关于我们 |卫视动态|播出时间表 |广告刊例 |用户协议 |举报制度

蜀ICP备 15032686号

新闻信息服务资质备案号:川新备14-000059

川公网安备 51019002000121号


中国互联网举报中心

四川省互联网不良与违法信息举报中心


违法及不良信息举报电话:028-8598 1942