གསའ་ཡིས་མི་ལ་རྨས་སྐྱོན་བཟོས་པའི་དོན་རྐྱེན་འདི་འདྲ་བྱུང་འདུག
| 2026-01-25 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་༡ཚེས་༢༣ཉིན། ཞིན་ཅང་ཁོ་ཁོ་ཐོ་ཧའེ་མཛེས་ཁུལ་གྱི་པའོ་ཧྲི་ལུང་པའི་ཉེ་འགྲམ་དུ་གསའ་ཡིས་མིར་རྨས་སྐྱོན་བཟོས་པའི་དོན་རྐྱེན་བྱུང་། རྨས་མ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད། དྲ་ཐོག་ཏུ་ཁྱབ་པའི་བརྙན་རིས་ལྟར་ན། གངས་ཤུད་གྱོན་ཆས་སྨུག་མདོག་གྱོན་པའི་ཡུལ་སྐོར་བ་ཞིག་ཁ་བའི་ནང་ལོག་ནས་ཡོད་ལ། འགྲམ་དུ་གསའ་ཡིས་དོགས་གཟབ་ཀྱིས་གང་སར་ལྟ་བཞིན་ཡོད་པ་དང་། བརྙན་རིས་གཞན་ཞིག་ཏུ་རྨས་སྐྱོན་ཕོག་མཁན་དེ་མི་འགའ་ཡིས་སྐྱོར་ནས་ཕྱིར་ཁྲིད་བཞིན་པའི་གནས་ཚུལ་མཐོང་།
ཟླ་བ་༡ཚེས་༢༣ཉིན་གྱི་དགོང་མོར། ཞིན་ཅང་ཧྥུའུ་ཡུན་རྫོང་ནགས་ལས་དང་རྩྭ་ཐང་ཅུས། ཧྥུའུ་ཡུན་རྫོང་རིག་གནས་ལུས་རྩལ་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱིས་བརྡ་ཁྱབ་བཏང་བ་སྟེ། ཟླ་བ་༡ཚེས་༢༣ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བདུན་ཡས་མས་སུ། ཞིན་ཅང་ཧྥུའུ་ཡུན་རྫོང་ཁོ་ཁོ་ཐོ་ཧའེ་གྲོང་རྡལ་ཐ་ལ་ཐེ་གྲོང་ཚོའི་ས་ཁོངས་སུ། གངས་ཤུད་ཡུལ་སྐོར་བ་ཞིག་མགྲོན་ཁང་དུ་ཕྱིར་ལོག་པའི་ལམ་བར་དུ། ལམ་འགྲམ་ནགས་ཁུལ་དུ་གསའ་ཡིས་སོ་བཏབ་ནས་རྨས་སྐྱོན་བཟོས་པས། ཉེན་རྟོག་པར་བརྡ་བཏང་རྗེས་མགྱོགས་མྱུར་ཧྥུའུ་ཡུན་རྫོང་གི་མི་དམངས་སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་བྱས་པ་དང་། རྨས་སྐྱོན་གནས་ཚུལ་ཇེ་སྡུག་སོང་མེད་ཟེར།
མིག་སྔར། ཧྥུའུ་ཡུན་རྫོང་ནགས་ཚལ་རྩྭ་ཐང་ཅུས་དང་། སྤྱི་བདེ་ཅུས། ཁོ་ཁོ་ཐོ་ཧའེ་གྲོང་རྡལ་སོགས་ལས་ཁུངས་ཀྱིས་འབྲེལ་ཡོད་ས་ཁོངས་ལ་བདེ་འཇགས་སྐོར་ཞིབ་འགོག་སྲུང་དང་དྲིལ་བསྒྲགས་སློབ་གསོ་བྱེད་ཤུགས་ཆེ་རུ་བཏང་ཡོད། རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བ་རྣམས་ཀྱིས་ངེས་པར་དུ་བདེ་འཇགས་དྲན་སྐུལ་ལ་བརྩི་སྲུང་ཞུ་བ་དང་། རི་སྐྱེས་སྲོག་ཆགས་དང་འཕྲད་ན་ཐག་ཉེར་མི་འགྲོ་བ་དང་། ཉེན་རྟོག་པར་བརྡ་བཏང་སྟེ་མི་ལུས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་བརྡ་བཏང་ཡོད།




