2026སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གླེང་སྟེགས་ཝུའུ་ཧན་དུ་འཚོགས།
| 2026-05-29 来源:ཀྲུང་གོའི་བོད་ལྗོངས་དྲ་བ། | 分享: |
2026སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གླེང་སྟེགས་ཀྱི་ཡུལ་དངོས།
2026སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གླེང་སྟེགས་དེ་ཟླ5པའི་ཚེས26ཉིན་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་འཚོགས་པ་རེད། སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“བརྒྱུད་རིམ་ལྡན་པའི་འཕོ་འགྱུར་དང་། གསར་ཕྱོགས་དང་ལེགས་ཕྱོགས་སུ་འཕེལ་བ”ཞེས་པ་དེ་རེད།
“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང“གཙོ་རྒྱུན་སྨྱན་སྦྱོར་གྱི་བརྒྱུད་རིམ་རང་བཞིན་གྱི་འཕོ་འགྱུར་གཏིང་ཟབ་ཏུ་གཏོང་བ་དང་། གསར་འགྱུར་དྲིལ་བསྒྲགས་དང་དྲ་རྒྱའི་གླེང་ཕྱོགས་གཞི་གཅིག་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་བ། གཙོ་རྒྱུན་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་ཆེ་རུ་གཏོང་དགོས”པར་བསྟན་ཡོད། ཚོགས་ཞུགས་སྐུ་མགྲོན་གྱིས་ད་ལོ་ནི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”མགོ་ཚུགས་ལོ་ཡིན་པས་གླེང་ཕྱོགས་ཀྱི་སྐྱེ་ཁམས་དང་། སྨྱན་སྦྱོར་གྱི་རྣམ་པ། བརྒྱུད་སྤེལ་ཁོར་ཡུག་བཅས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བར་ཁ་གཏད་དེ། ངེས་པར་དུ་ལས་འགན་སྒྲུབ་སེམས་དང་དགོས་ངེས་ཀྱི་འདུ་ཤེས་སྔར་བས་ཆེ་རུ་བཏང་ནས། སྨྱན་སྦྱོར་མཉམ་འདྲེས་དེ་བས་གཏིང་ཟབ་པ་དང་སྤུས་ཚད་དེ་བས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས།
ཚོགས་ཞུགས་སྐུ་མགྲོན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ལམ་སྲོལ་གསར་གཏོད་དང་། མཚོན་ཚུལ་གསར་སྒྲིག ལག་རྩལ་གསར་བཅོས་བཅས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། བརྒྱུད་རིམ་རང་བཞིན་གྱི་འཕོ་འགྱུར་གཏིང་ཟབ་ཏུ་གཏོང་རྒྱུ་དེ་སྣེ་ཁྲིད་དུ་བྱས་ཏེ། ནང་དོན་ཐོན་སྐྱེད་ཇེ་ལེགས་སུ་གཏོང་བ་དང་། སྤྱོད་མཁན་གྱི་ཉམས་ལེན་ཇེ་ལེགས་སུ་གཏོང་བ། བརྒྱུད་སྤེལ་ཕན་ནུས་ཇེ་ལེགས་སུ་གཏོང་བ། ཤེས་ལྡན་མི་སྣའི་དཔུང་ཁག་ཇེ་ལེགས་སུ་གཏོང་བ་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པར་འབད་འཐབ་ཀྱིས་མདུན་སྐྱོད་བྱེད་པའི་གཙོ་རྒྱུན་བསམ་བློ་དང་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་ཆེད་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས།
སྐབས་འདིའི་གླེང་སྟེགས་དེ་མི་དམངས་ཉིན་རེའི་ཚགས་པར་ཁང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་པུའུ་ཨུའི་འགན་འཁུར་བློ་མཐུན་དང་། ཀྲུང་དབྱང་དང་ས་གནས་སྨྱན་སྦྱོར་གྱི་འགན་འཁུར་བློ་མཐུན། ཆེད་མཁས་པ་དང་མཁས་དབང་། ཁེ་ལས་ཀྱི་འཐུས་མི་སོགས་མི300ལྷག་ཚོགས་འདུར་ཞུགས་ཡོད། །




