རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་༢༠༢༦ལོའི་རྔ་བ་ཁུལ་གྱི་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་སྐོར་གྱི་གསབ་སྦྱོང་ཚོགས་འདུ་འཚོགས།
| 2026-11-19 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་ཀའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་། རྔ་བ་ཁུལ་གྱི་བོད་སྐད་བརྡ་ཆད་ཚད་ལྡན་ཅན་དུ་གཏོང་བ། སྒྲིག་རིམ་ཆུང་བའི་རྔ་བའི་རྩོམ་སྒྱུར་ཞེས་པ་ཁྱབ་གདལ་གཏོང་བ། བརྡ་ཆད་གཏན་འབེབས་དང་སྤྱི་ཚོགས་ཡི་གེ་བཀོལ་སྤྱོད་དང་བཅོས་སྐྱོང་གི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་བཅས་ཀྱི་ཆེད་དུ། སྤྱི་ཟླ་༡༡པའི་ཚེས་༡༧ཉིན། རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་འབར་ཁམས་ནས་༢༠༢༦ལོའི་རྔ་བ་ཁུལ་གྱི་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་སྐོར་གྱི་གསབ་སྦྱོང་ཚོགས་འདུ་འཚོགས་ཤིང་། རྔ་བ་ཁུལ་གྱི་ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་༡༥དང་། རྫོང་དང་གྲོང་ཁྱེར་ཁག་གི་མི་རིགས་ཆོས་ལུགས་ཅུས་ཀྱི་འགན་འཁུར་བློ་མཐུན། རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་ཚང་མ་ཚོགས་འདུར་ཞུགས།

ཚོགས་འདུའི་ཐོག་༢༠༢༦ལོའི་དུས་རིམ་དང་པོའི་རྒྱལ་ཡོངས་བོད་སྐད་བརྡ་ཆད་གསར་པའི་སྤྱི་བསྒྲགས་དང་། བོད་སྐད་བརྡ་ཆད་གསར་པ་ཚད་ལྡན་གཅིག་གྱུར་དང་བརྡ་སྤྲོད་ལམ་སྲོལ་༼ཚོད་ལྟའི་ལག་བསྟར༽ཞེས་པ་དང་། རྒྱལ་ཡོངས་བོད་སྐད་བརྡ་ཆད་གསར་པའི་ཡིག་སྒྱུར་གསོ་སྦྱོང་འཛིན་གྲྭའི་སྙིང་དོན་གལ་ཆེན་བཅས་བརྒྱུད་བསྒྲགས་བྱས་ཤིང་། ཚད་ལྡན་གྱི་ཐབས་ལམ་གཅིག་གྱུར་དང་། ལས་ཀའི་ཁ་ཕྱོགས་གཏན་འཁེལ་བྱས་ལ། ཡུལ་དངོས་ནས་སྒྲིག་རིམ་ཆུང་བའི་རྔ་བའི་རྩོམ་སྒྱུར་ཞེས་པའི་བྱེད་ནུས་ཆེན་པོ་གསུམ་མཚམས་སྦྱོར་བྱས་པ་དང་། འབྲེལ་གཏུག་མི་སྣའི་ཆ་འཕྲིན་བསྡུ་ལེན་བྱས་ནས། རྔ་བ་ཁུལ་ཡོངས་ཀྱི་བརྡ་ཆད་ཚད་ལྡན་ཅན་གྱི་ལས་ཀའི་འབྲེལ་གཏུག་དཔུང་སྡེ་བཙུགས།

སྤེལ་རེས་དང་བགྲོ་གླེང་གི་གོ་རིམ་ཁྲོད། ཚོགས་ཞུགས་མི་སྣས་མགྲིན་གཅིག་ཏུ་ཐེངས་འདིའི་གསོ་སྦྱོང་གི་བརྗོད་དོན་གསལ་བ་དང་། ནང་དོན་ཡག་ལ། ཁ་གཏད་རང་བཞིན་ཆེ་བ་བཅས་ཡིན་པས། གཞི་རིམ་གྱི་ལས་བྱེད་པས་བོད་ཡིག་རྩོམ་སྒྱུར་ལས་ཀ་བསྒྲུབ་པར་དངོས་ཡོད་ཀྱི་མཛུབ་སྟོན་གྱི་ཐད་ནས་དོན་སྙིང་ཆེན་པོའི་གདེང་འཇོག་གནང་ཞིང་། རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་འདི་ལྟར་སློབ་སྦྱོང་དང་སྤེལ་རེས་ཀྱི་སྟེགས་བུ་བསྐྲུན་པར་ཐུགས་རྗེ་ཆེ་ཞུས། ཚང་མས་ད་དུང་། ཚོགས་འདུ་མཇུག་བསྒྲིལ་རྗེས་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་བྱས་ནས། དོན་འཁྱོལ་གསུམ་དམ་འཛིན་བྱ་རྒྱུ་ཡིན་ཏེ། གཅིག་ནས་ལས་ཀའི་ཁྱབ་ཁོངས་དང་ལས་རིགས་སོ་སོའི་ཁྲོད་བྱུང་བའི་བརྡ་ཆད་གསར་པ་དུས་ཐོག་ཏུ་ཡར་ཞུ་བྱས་ནས། བརྡ་ཆད་ཀྱི་མཛོད་བསྐྲུན་པའི་ལས་ཀའི་ཁྲོད་མཉམ་ཞུགས་བྱ་རྒྱུ་ཡིན་ལ། གཉིས་ནས་འབྲེལ་ཡོད་ཀྱི་ཁྲིམས་སྲོལ་ལྟར་ལས་འགན་ལག་བསྟར་བྱས་ཏེ། སྤྱི་ཚོགས་ཡི་གེ་བཀོལ་སྤྱོད་བྱེད་པ་ཚད་ལྡན་མིན་པའི་གནད་དོན་སེལ་རྒྱུ་ཡིན་པ་དང་། གསུམ་ནས་སྒྲིག་རིམ་ཆུང་བའི་རྔ་བའི་རྩོམ་སྒྱུར་ཁྱབ་གདལ་བཏང་སྟེ། བརྡ་ཆད་ཚད་ལྡན་གྱི་སྒོ་ནས་བཀོལ་སྤྱོད་བྱེད་པར་སྣེ་ཁྲིད་དང་། རང་འགུལ་གྱིས་ལྟ་སྐུལ་དང་མཛུབ་སྟོན་གྱི་ལས་ཀ་བསྒྲུབ་རྒྱུ་ཡིན་ཞེས་བཤད།

མ་འོངས་པར། རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་ཚོགས་འདུའི་ཐོག་བཏོན་པའི་བསམ་འཆར་ལ་ཕྱོགས་བསྡོམས་དང་དང་ལེན་བྱས་ཏེ། ཁུལ་དང་རྫོང་མཉམ་འབྲེལ་དང་། ལས་ཁུངས་བར་མཉམ་འབྲེལ་བྱེད་པའི་ལས་ཀའི་ནང་རྐྱེན་འཐུས་ཚང་དུ་བཏང་ནས། སྒྲིག་རིམ་ཆུང་བའི་བྱེད་ནུས་མུ་མཐུད་དུ་ལེགས་སྒྱུར་གཏོང་བ་དང་། ལས་ཀའི་འོས་འགན་གལ་ཆེན་རིགས་སོ་སོ་ནན་མོ་བསྒྲུབ་པ། རྔ་བ་ཁུལ་ཡོངས་ཀྱི་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་ཀའི་ཆུ་ཚད་ཇེ་བཟང་དུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བར་རམ་འདེགས་བྱ་རྒྱུ་རེད།





