སི་ཁྲོན་དཀར་མཛེས་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ།
| 2025-07-21 来源:ཀྲུང་དབྱང་བོད་སྐད་རླུང་འཕྲིན། | 分享: |

དབྱར་ཟླ་བདུན་པར། མཁའ་ལ་སྙེག་པར་འདྲ་བའི་བརྗིད་ཆགས་ལྷུན་པོ་བཞག་བྲ་དཀར་མོའི་འདབས་ཀྱི་འགྲམ་ངོགས་སུ། གཡུ་ཡི་མནྜལ་ཕྱིས་འདྲའི་ལྷ་སྒང་རྩྭ་ཐང་ནི་ས་ཕྱོགས་ཀུན་ནས་ཕེབས་པའི་མིས་སྐར་ཚོམ་གྱི་ཕྲ་བཏབ་པ་ཇི་བཞིན་མངོན་པར་མཛེས་ལ། རྒྱ་མཚོའི་མཐོ་ཚད་སྨི་3730ཟིན་པའི་ཤྭ་མ་ལུང་གྲོང་ཚོའི་བྱང་འདབ་ཀྱི་རྩྭ་རའི་ལྷིང་འཇགས་དེ་ས་ཕྱོགས་ཀུན་ནས་ཕེབས་པའི་མགྲོན་པོས་ཁད་ཀྱིས་དཀྲོགས་ཏེ། ཐོག་ཁེབས་མེད་པའི་རྩྭ་ཐང་གི་གར་སྟེགས་ཆེན་མོ་ཞིག་ཏུ་གྱུར། ཟླ་7ཚེས་19ཉིན། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་འགོ་འཛིན་གཞོན་པ་ཅིན་ཐེན་ཆང་གིས་བྱེད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་དང་བསྟུན་ནས། “2025ལོའི་སི་ཁྲོན་དཀར་མཛེས་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན”གྱི་ནང་དོན་གཙོ་བོ་སྟེ། “G318ཕྱི་རོལ་སྤྲོ་སེང་དུས་ཚིགས”ས་གནས་དེ་ག་ནས་སྤེལ་འགོ་ཚུགས་ཤིང་། འཕྲུལ་འཁོར་གྱི་ལྡིར་སྒྲ་དང་རོལ་མོའི་འགྱུར་ཁུག མི་ཚོགས་ཀྱི་དགའ་འབོད་ཀྱི་སྒྲ་བཅས་ཕན་ཚུན་གཅིག་ལ་གཅིག་སྡེབ་བྱེད་པའི་ཁྲོད་ནས་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་དངོས་སུ་འགོ་ཚུགས་ཡོད།

དཀར་མཛེས་ཁུལ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་ཕྱག་རྟགས་འབུལ་བའི་བྱེད་སྒོ་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ངོས་ནས། ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་གུང་དཀར་མཛེས་ཁུལ་ཨུད་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། དར་མདོ་གྲོང་ཨུད་དང་དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་འཁུར་བ། དར་མདོ་གྲོང་ཁྱེར་གྱི་མཛེས་ལྗོངས་ཁུལ་ལྷ་སྒང་རྩྭ་ཐང་གི་ལྟེ་བའི་ཁུལ་དུ་སྤེལ་ཡོད་ཅིང་། དེའི་དམིགས་ཡུལ་ནི་རྒྱལ་ལམ་G318ཡི་ཡིད་དབང་འཕྲོག་ཤུགས་ལ་བརྟེན་ནས་ཤུགས་རྐྱེན་ངེས་ཅན་ལྡན་པའི་གཞུང་ལམ་རིག་གནས་ཀྱི་སྤུས་རྟགས་གཏོད་རྒྱུ་དེ་རེད། བྱེད་སྒོ་དེ་“དར་མདོ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚོགས་ཆེན་སྐབས་གསུམ་པ་”དང་དུས་མཉམ་དུ་འཚོགས་ཤིང་། དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་ཐུན་མོང་ཐོག་བཀོད་ཡོད།

ད་ཐེངས་ཀྱི“G318ཕྱི་རོལ་སྤྲོ་སེང་དུས་ཚིགས”ཀྱི་ཡིད་དབང་འཕྲོག་ཤུགས་གཙོ་བོ་ནི་ཞིབ་ཚགས་ངང་བཀོད་སྒྲིག་བྱས་པའི་བརྗོད་བྱ་གཙོ་བོའི་གར་སྟེགས་ཆེན་པོ་གསུམ་ལ་ཐུག་ཡོད་ཅིང་། ཚེས་19ནས་20བར་གྱི་ཉིན་གཉིས་ནང་ཡུལ་སྐོར་བ་ཚོར་མིག་གི་སྟོན་མོ་གཟབ་རྒྱས་ཤིག་བཤམ་རྒྱུ་རེད།

“G318ཕྱི་རོལ་སྤྲོ་སེང་དུས་ཚིགས”ཀྱིས་རི་ཁུལ་དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་རོལ་དབྱངས་དཀྲོལ་འགོ་ཚུགས་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ངོ་མཚར་ཆེ་བའི་དགའ་སྟོན་བཤམས་དང་ཤོམ་མུས་རེད། ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གྲུབ་ཆ་གལ་ཆེན་གཞན་ཞིག་སྟེ“གངས་དཀར་སྒྱུ་རྩལ་དུས་ཚིགས”ཟླ་8པའི་ཟླ་དཀྱིལ་ནས་ཟླ་9པའི་ཟླ་དཀྱིལ་བར་དཀར་མཛེས་ཁུལ་ཡོངས་སུ་སྤེལ་རྒྱུ་ཡིན་པ་རེད། སྐབས་དེར་ཞབས་བྲོ་འཁྲབ་སྟོན་དང་། གངས་ལྗོངས་མཛའ་གཞས་འགྲན་བསྡུར། གྲོང་གསེབ་འགྲན་བསྡུར་འཁྲབ་སྟོན། པར་རིས་དང་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་བཅས་བརྗོད་བྱ་གཙོ་བོའི་བྱེད་སྒོ་ཆེན་པོ་བཞི་རེས་མོས་ཀྱིས་བསྟན་ཏེ། མུ་མཐུད་དུ་སྣ་མང་ཕུན་སུམ་ཚོགས་པའི་སྒྱུ་རྩལ་རྣམ་པའི་ཐོག་ནས་དཀར་མཛེས་ཁུལ་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་གི་བཀོད་པ་དང་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱ་རྒྱུ་ཡིན་པ་རེད།



